རང་རྒྱལ་གྱི་ཤེས་ལྡན་མི་སྣའི་གོང་འཕེལ་སྒྲིག་གཞི་བསྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་། ཤེས་ལྡན་མི་སྣའི་ལས་དོན་ཐད་ཟམ་མི་ཆད་པར་གནས་བབ་གསར་པ་གཏོད་པ།
སྤེལ་བའི་དུས་ཚོད། : 2018-08-04 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤེས་ལྡན་སྣའི་གནད་དོན་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས། ཤེས་ལྡན་མི་སྣའི་གདེང་འཇོག་དང་། གསོ་སྐྱོང་། བེད་སྤྱོད་བཅས་ཀྱི་ཐད་གཟིགས་རྒྱང་རིང་བའི་ཆོད་སྡོམ་མང་པོ་གནང་ཡོད། ཤེས་ལྡན་མི་སྣའི་གསར་གཏོད་གསོན་ཤུགས་སྐུལ་སློང་དང་། ཤེས་ལྡན་མི་སྣའི་བདེ་རྩར་ཐུག་པའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་སྲིད་ཇུས་ཡིག་ཆ་རབ་དང་རིམ་པ་བཏོན་པ་དང་བསྟུན་ནས། རང་རྒྱལ་གྱི་ཤེས་ལྡན་མི་སྣའི་གོང་འཕེལ་སྒྲིག་གཞི་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ་དང་། ཤེས་ལྡན་མི་སྣའི་ལས་དོན་ཐད་ཟམ་མི་ཆད་པར་རྣམ་པ་གསར་པ་ཐོན་ཡོད་པ་རེད།

ཏང་དང་མི་དམངས་ཀྱི་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་བྱེད་པར། ངེས་པར་དུ་ཕྱོགས་ཁག་གི་ཤེས་ལྡན་མི་སྣ་བེད་སྤྱོད་དེ་བས་ལེགས་པ་བྱེད་པ་དང་། གནམ་འོག་གི་འཇོན་ཐང་ཅན་བསྡུ་འགུགས་བྱས་ནས་བེད་སྤྱོད་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་དགུ་བཅུ་གོ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གལ་ཆེའི་གསུང་བཤད་གནང་བའི་ནང་། ང་ཚོས་འཇོན་ཐང་ཅན་མཐོང་བ་བྱེད་པའི་ཤེས་རབ་ཀྱི་མིག་དང་། འཇོན་ཐང་ཅན་ལ་གཅེས་སྐྱོང་བྱེད་པའི་ལྷག་བསམ། འཇོན་ཐང་ཅན་བེད་སྤྱོད་བྱེད་པའི་བློ་སྤོབས། འཇོན་ཐང་ཅན་དང་ལེན་བྱེད་པའི་ཁོག་ཡངས། འཇོན་ཐང་ཅན་བསྡུ་འགུགས་བྱེད་པའི་ཐབས་མཆོག་བཅས་ཀྱི་ཐོག་ནས། འཇོན་ཐང་ཅན་གདན་ཞུའི་ལམ་བུ་བཤངས་དགོས་པ་དང་། ཏང་ནང་དང་ཏང་ཕྱི། རྒྱལ་ནང་དང་རྒྱལ་ཕྱི་སོགསཀྱི་ཕུལ་་བྱུང་མི་སྣ་བསྡུ་འགུགས་དང་གཅིག་སྡུད་བྱས་ནས། མི་ཚང་མས་འཇོན་ཐང་ཅན་ལ་འགྱུར་རེ་བྱེད་པ་དང་། མི་ཚང་མས་འཇོན་ཐང་ཅན་ལ་འགྱུར་བ་བྱེད་པ། མི་ཚང་མ་འཇོན་ཐང་ཅན་དུ་འགྱུར་བའི་རེ་བ་ཡོད་པ། མི་ཚང་མས་རང་ནུས་གང་ཡོད་འདོན་སྤེལ་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་དགོས་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་དེ་ཚན་རྩལ་གསར་གཏོད་ཀྱི་ཆེས་སྔོན་འགྲོར་བརྩི་དགོས་པ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ནང་འདྲེན། བེད་སྤྱོད་སོགས་ཀྱི་སྒྲིག་གཞི་བསྒྱུར་བཅོས་བྱས་ནས། འཛམ་གླིང་རིམ་པའི་ཆུ་ཚད་ལྡན་པའི་ཚན་རིག་མཁས་ཅན་དང་། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་པ་ཁག་ཅིག་གསོ་སྐྱོང་བྱ་དགོས་ཞེས་བསྟན་ཡོད། ཀྲུང་གོ་ཚན་རིག་ཁང་མདུན་ཕྱོགས་ཚན་རིག་དང་སློབ་གསོ་ཅུས་ཀྱི་འགོ་འཛིན་ཀའོ་ཧུང་ཅུན་གྱིས། སྤྱི་ལོ༢༠༡༦ལོ་ནས་བཟུང་། ཀྲུང་གོ་ཚན་རིག་ཁང་གིས་མདུན་ཕྱོགས་ཚན་རིག་ཀྱི་གཙོ་གནད་ཞིབ་འཇུག་འཆར་གཞི་བཀོད་སྒྲིག་བྱས་ནས། རྩེར་སོན་ཤེས་ལྡན་མི་སྣར་རྒྱུན་མཐུད་དང་བརྟན་པོའི་སྒོ་ནས་རྒྱབ་སྐྱོར་བྱས་པ་དང་། རྩེར་སོན་ཤེས་མི་སྣ་རྒན་དར་གཞོན་གསུམ་ཚང་མར་ལྟོས་བཅས་ཀྱི་བརྟན་པོ་ཡིན་པའི་རྒྱབ་སྐྱོར་བྱས་ནས། ཁོ་ཚོས་སེམས་རྣལ་ལ་ཕབ་པ་དང་། སྙིང་རུས་ཆེར་བསྐྱེད་ཀྱི་སྒོ་ནས་སྔོན་ཐོན་ཚན་རིག་གི་གནད་དོན་ཐད་འགྲན་རྩོད་དང་། རྒྱལ་སྤྱིའི་མདུན་གྲལ་དང་ཐ་ན་རྒྱལ་སྤྱིའི་རྩེར་སོན་གྱི་ཚན་རིག་གནད་དོན་གལ་ཆེན་ཐག་གཅོད་བྱེད་དུ་བཅུག་པ་དང་། སེམས་ལ་རྣལ་ལ་ཕབ་ནས་འཚོལ་ཞིབ་དང་། ཡུན་རིང་འགག་གཏོར་གྱིས་གསར་གཏོད་ངོ་མ་དེ་བས་མང་བ་བྱེད་དུ་བཅུག་པ་དང་། གསར་གཏོད་ཀྱི་རིན་ཐང་ལྡན་པའིརིགས་པའི་གཞུང་ལུགས་དེ་བས་འདོན་དུ་བཅུག་པ། ཁྱབ་ཁོངས་ཁ་ཕྱོགས་དེ་བས་མང་བ་གཏོད་པ་དང་། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལྡན་པའི་གསར་གཏོད་གྲུབ་འབྲས་དེ་བས་མང་བ་ཐོན་པ་བྱས་ཡོད་ཅེས་གསུངས་འདུག

དྲ་སྦྲེལ་ཁྱབ་ཁོངས་སུ་ཐོན་པའི་་མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་ཤེས་ལྡན་མི་སྣ་དེ་དག་གིས་ནམ་རྒྱུན་སྔར་སྲོལ་ལས་འགལ་ནས་བྱ་བ་སྒྲུབ་པ་དང་། ཁོ་ཚོའི་འཆར་སྒོ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཞིན་ཕིང་གིས། དམིགས་བསལ་ཤེས་ལྡན་མི་སྣར་དམིགས་བསལ་སྲིད་ཇུས་དགོས་པ་དང་། འགན་ཚང་མ་འཁུར་དུ་མི་འཇུག་པ་དང་། བསླབ་པ་རྒན་གཞོན་བང་སྒྲིག་མི་རུང་བ། ཚང་མར་ཚད་གཞི་གཅིག་སྤྱད་ནས་དཔྱད་དཔོག་གདེང་འཇོག་བྱ་མི་རུང་ཞེས་བསྟན་ཡོད། ཉེ་བའི་ལོ་ཤས་ནང་ཧང་ཀྲའུ་དེ་ཉིད་དྲ་སྦྲེལ་བཟོ་བསྐྲུན་ཤེས་ལྡན་པའི་ལས་གནས་གཏོད་སའི་གནས་མཆོག་ཅིག་ལ་གྱུར་ཡོད། ཧང་ཀྲའུ་མ་འོངས་པའི་ཚན་རྩལ་གྲོང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཤེས་ལྡན་མི་སྣ་དང་དངུལ་རྩའི་ཞབས་ཞུའི་ལྟེ་གནས་ཀྱི་ཀྲུའུ་རེན་ཞུད་ལའི་ཡིང་གིས། རྩེར་སོན་ལག་རྩལ་ཐོན་ལས་འདི་གར་ཟམ་མི་ཆད་པར་གཅིག་སྡུད་བྱེད་པ་དང་། དེའི་ནང་ཤེས་ལྡན་མི་སྣའི་གཅིག་སྡུད་དང་། མ་རྩའི་གཅིག་སྡུད། ལག་རྩལ་གྱི་གཅིག་སྡུད་བཅས་ཚུད་ཡོད་ཅིང་། ང་ཚོས་སྔར་ལས་ལྷ་ག་པའི་སྒོ་ནས་ཤེས་ལྡན་མི་སྣ་བསྡུ་འགུགས་དང་། ཆབས་ཅིག་ཤེས་ལྡན་མི་སྣ་ཉར་བ་དང་སྤྱོད་པར་མཁོ་བའི་ཆ་སྦྱོར་ཐོན་ལས་འདེགས་སྐྱོར་དང་གོང་འཕེལ་བར་ཁམས་ཤིག་བསྐྲུན་ཡོད་ཅེས་གསུངས་འདུག

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚན་ཞིབ་མི་སྣར་རོགས་འདེགས་བྱེད་པའི་སྲིད་རབ་དང་རིམ་པ་བཏོན་ནས། ཁོ་ཚོ་རེའུ་མིག་སྐོང་རྒྱུད་དང་ཞིབ་མཆན་འགོད་རྒྱུ་སོགས་ཀྱི་ལས་རྙོག་མང་པོའི་ནང་ནས་ཐར་བ་བྱས་ཡོད། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེ། ནན་ཅིང་ས་གཤིས་གནའ་བོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྲེན་ཧྲུའུ་ཀྲུང་གིས། ཚན་རིག་མཁས་པར་བཅིངས་འགྲོལ་གཏོང་བར། ཚན་རྩལ་གདེང་ལཇོག་མ་ལག་ལེགས་བཅོས་བྱ་དགོས་པ་དང་། འཕྲལ་སེལ་སླ་བཅོས་དང་། ཤོག་བུ་རླུང་འཚང་ལྟ་བུའི་སྤྱོད་ཚུལ་ཁྱད་བསད་བྱ་དགོས་པ། རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་དགོས། དེ་ནི་་དྲག་རྩལ་སྦྱོང་བ་ལྟར་ཡིན་ཏེ། རྨང་གཞི་བརྟན་པོ་དང་གདིང་ཤུགས་ཡག་པོ་གསོ་སྦྱོང་ཐུབ་ཚེ་མ་འོངས་པར་དྲག་རྩལ་ངོ་མ་འདོན་དུས་ཤུགས་དང་ལྡན་པར་འགྱུར་བ་ལྟར་རེད་ཅེས་གསུངས་འདུག

ས་གནས་ཁག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ནས་ཤེས་ལྡན་མི་སྣ་བསྡུ་འགུགས་ཀྱི་བྱ་ཐབས་བཏོན་ཡོད། ཐན་ཅིན་གྲོང་ཁྱེར་གྱི་སཤེས་ལྡན་མི་སྣ་བསྡུ་འགུགས་འཆར་གཞི་དེ་མཐོ་ཧྲག་མཆོག་བཅས་ཀྱི་ཤེས་ལྡན་མི་སྣར་དམིགས་ཡོད་པ་དང་། ཐན་ཅིན་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཧྥན་ཡན་ཅུན་གྱིས། ཤེས་ལྡན་མི་སྣའི་ཐེམ་ཐོ་བསྒྱུར་བའི་ཆ་སྦྱོར་ཞབས་ཞུའི་བྱ་ཐབས་སྔར་ལས་ལྷག་པ་བཟོནས། ཤེས་ལྡན་མི་སྣ་ཉར་ཐུབ་པ་དང་ལས་ཀ་ཡག་པོ་སྒྲུབ་ཐུབ་པ་བྱེད་བཞིན་ཡོད། བཏོན་པའི་སྲིད་ཇུས་ནི་རྩེར་སོན་དང་སྣེ་ཁྲིད་ཤེས་ལྡན་མི་སྣའི་ཁྱིམ་ཚང་ལ་གནད་འཕིགས་ཞབས་ཞུ་བྱ་རྒྱུ་དང་། ཕ་མར་སྨན་བཅོས་ཞབས་ཞུ་དང་ཆབས་ཅིག་བཟའ་ཚང་ལ་ལས་ཞུགས་འགན་སྲུང་བྱ་རྒྱུ། བུ་ཕྲུག་ལ་བུ་བཅོལ་ཁང་དང་སློབ་གྲྭར་ཞུགས་པའི་ཞབས་ཞུ་སྒྲུབ་རྒྱུ་རེད་ཅེས་གསུངས་འདུག

ནན་ཅིང་དུ་མཐོ་རིམ་སློབ་གྲྭ་ལྔ་བཅུ་ང་གསུམ་དང་། སློབ་སྡོད་སློབ་མ་བརྒྱད་འབུམ་སུམ་ཁྲི་ཡོད། ནན་ཅིན་གྱིས་བཏོན་པའི་བསྡུ་འགུགས་འཆར་གཞིའི་ནང་། སློབ་གྲྭ་ཐོན་རྗེས་ཀྱི་་ཐོག་མའི་ལོ་གསུམ་ནང་་སློབ་ཐོན་སློབ་མར་ཁང་པ་བོག་གླའི་ཁ་གསབ་སྤྲོད་རྒྱུ་དང་། ས་ཁུལ་གཞན་ནས་ནན་ཅིང་དུ་ལས་འཚོལ་ངོ་རྒྱུགས་གཏོང་བར་སླེབས་པའི་སློབ་གྲྭ་ཆེན་མོ་བར་ངོ་རྒྱུགས་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད། ནན་ཅིང་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ལས་ཞུགས་སྐུལ་འདེད་ཁྲུའི་འགོ་འཛིན་ཞུད་མིང་ཀྲེ་ཡིས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་དང་ལས་གཏོད་ལ་ཟུར་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་ཡོད། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་རྣམས་ནས་ནན་ཅིང་ལ་རྒྱུས་ལོན་སྔར་ལས་ལྷག་པ་དང་། ཤེས་རྟོགས་སྔར་ལས་ལྷག་པ་ཡོང་བ་བྱེད་པ། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་ཉམས་སུ་མྱོང་ཐུབ་པ་བྱས་ནས། གྲོང་ཁྱེར་འདིའི་ཤེས་ལྡན་མི་སྣ་བསྡུ་འགུགས་ཀྱི་ལྷག་བསམ་མྱོང་ཚོར་ཐུབ་པ་བྱེད་བཞིན་ཡོད་ཅེས་གསུངས་འདུག

གཞོན་ནུ་ནི་མེས་རྒྱལ་གྱི་མདུན་ལམ་དང་། མི་རིགས་ཀྱི་རེ་བ། གསར་གཏོད་ཀྱི་མ་འོངས་པ་བཅས་ཡིན། ད་ལོའི་ཁང་གཉིས་ཀྱི་ཡོན་ཧྲེའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅིས་གཞོན་ནུ་ཤེས་ལྡན་པའི་ཐད་་རེ་བ་ཆེན་པོ་བཏོན་གནང་ཡོད་པ་སྟེ། རྒྱ་ཆེའི་ཡོན་ཧྲེ་རྣམས་ནས་གཞོན་ནུ་ཤེས་ལྡན་པར་ཐུགས་ཁུར་དང་གཅེས་སྐྱོང་དང་། གཞོན་ནུ་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་འགན་འཁྲི་གལ་ཆེན་ཞིག་ལ་བརྩིས་ནས། གཞོན་ནུ་ཤེས་ལྡན་པ་རྣམས་ནས་འཇོན་ཐང་འདོན་སྤེལ་ཐད་གོ་སྐབས་དེ་བས་མང་བ་དང་གར་སྟེགས་དེ་བས་རྒྱ་ཆེ་བ་མཁོ་འདོན་བྱ་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཇོན་ཐང་ཅན་མཐོང་བ་བྱེད་པའི་ཤེས་རབ་ཀྱི་མིག་དང་། འཇོན་ཐང་ཅན་ལ་གཅེས་སྐྱོང་བྱེད་པའི་ལྷག་བསམ། འཇོན་ཐང་ཅན་བེད་སྤྱོད་བྱེད་པའི་བློ་སྤོབས། འཇོན་ཐང་ཅན་དང་ལེན་བྱེད་པའི་ཁོག་ཡངས། འཇོན་ཐང་ཅན་བསྡུ་འགུགས་བྱེད་པའི་ཐབས་མཆོག་བཅས་ཀྱི་ཐོག་ནས། ཕུལ་བྱུང་ཤེས་ལྡན་མི་སྣ་བློ་བདེ་པོས་བེད་སྤྱོད་དང་། གཞོན་ནུ་ཤེས་ལྡན་པའི་འཚར་ལོངས་ལ་ལམ་དང་ཟམ་པ་ལྟ་བུའི་མཐུན་རྐྱེན་བསྐྲུན་ནས། ཁོ་ཚོ་བསམ་བློ་ཡོད་པ་དང་། བརྩེ་བ་ཡོད་པ། འགན་སེམས་ཡོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་བསྐུན་པ་དང་ཤུལ་འཛིན་པར་འགྱུར་བ་བྱ་དགོས་ཞེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།