གྲོང་གསེབ་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་པ།
སྤེལ་བའི་དུས་ཚོད། : 2018-08-03 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ལས་འགན་གལ་ཆེན་དང་། དུས་རབས་གསར་པའི་ཞིང་གསུམ་ལས་དོན་གྱི་སྤྱིའི་དམ་འཛིན་བྱེད་ས་ཞིག་ཡིན། སྤྱི་ཟླ་བདུན་པའི་ཟླ་འགོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་མཛུབ་ཁྲིད་གལ་ཆེན་གནང་སྟེ། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་སྔོན་ལ་འཇོག་དགོས་པ། རིམ་པ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་ལ་དམ་འཛིན་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་རྒྱུ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་བྱ་སྤྱོད་ལ་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ནན་བཏོན་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའང་ཅ་ཧོ་རུ་ཕྱག་ལས་ལོ་བདུན་གནང་རིང་། གྲོང་གསེབ་དང་རྒྱ་ཆེའི་ཞིང་པར་བརྩེ་བ་ཟབ་མོ་བཅངས་གནང་ཞིང་སྔ་བར་ཕྱི་གསུམ་དུ་ཐུགས་ཁུར་གནང་གི་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོང་གསེབ་དར་རྒྱས་འཐབ་ཇུས་དངོས་སུ་བཏོན་པ་དང་། ཐོན་ལས་འཕེལ་རྒྱས་དང་། སྐྱེ་ཁམས་བདེ་སྡོད། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་སྤྱིའི་བླང་བྱ་ཡིག་འབྲུ་ཉི་ཤུས་གྲོང་གསེབ་དར་རྒྱས་གཏོང་བར་རྨང་གཞི་བཏིང་ཡོད།

ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་འཚོགས་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། སྐྱེ་ཁམས། སྒྲིག་འཛུགས་བཅས་དར་རྒྱས་ལྔ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། གྲོང་གསེབ་དར་རྒྱས་ལམ་བུར་ཁ་ཕྱོགས་གསལ་སྟོན་བྱེད་དགོས་ཞེས་ནན་བཏོན་སྔར་ལས་ལྷག་པ་གནང་ཡོད།

ཞི་ཅིན་ཕིང་གིས། དེང་རབས་ཞིང་ལས་གོང་འཕེལ་ལ་དམ་པོར་གཞིགས་པ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ངང་གོང་འཕེལ་འགྲོ་རྒྱུར་གཞིགས་པ། གྲོང་གསེབ་ཀྱི་ཐོན་ལས་མ་ལག་འཛུགས་པ་བཅས་བྱས་ཏེ། ཐོན་ལས་དར་རྒྱས་ཡོང་བ་དང་། ཐོན་ལས་གོང་འཕེལ་དེ་གྲོང་མིའི་ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་ཐད་དོན་འཁྱོལ་བྱེད་པ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་དབུལ་ཕོངས་སེལ་བ་དང་། གྲོང་གསེབ་ཀྱི་འཚོ་བ་འབྱོར་ཕྱུག་ལྡན་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

གྲོང་གསེབ་དར་རྒྱས་གཏོང་བར་གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ཁ་བྲལ་ཐབས་མེད། མིག་སྔར། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་གིས་གྲོང་གསེབ་ཀྱི་ས་ཞིང་རྒྱུན་འཁོར་དང་ལས་གཉེར་དབང་ཆ་ལེགས་སུ་འགྲོ་རྒྱུར་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས་བེད་མེད་དུ་ལུས་པའི་རྒྱུ་ནོར་ལ་སྐྱེ་སྟོབས་གསར་པ་འཕེལ་ཡོད།

ཀྲེ་ཅང་ཅང་དེ་ཆིང་རྫོང་ལོ་ཧྲེ་གྲོང་རྡལ་ཏུང་ཧོང་གྲོང་ཚོའི་ལས་གཏོད་གླིང་ཁུལ་ནི་དེ་སྔའི་གྲོང་ཚོའི་ནང་གི་གཏེར་རི་ཆུང་བ་དང་རྫས་འགྱུར་ལས་སྣོན་ཆུང་བ་སོགས་དམའ་ཆུང་ཐོར་གསུམ་གྱི་ཁེ་ལས་དང་ཕན་འབྲས་དམའ་བ་དང་བེད་མེད་ས་ཆ་བེད་སྤྱད་དེ་གཅིག་སྡུད་ཐོག་བཤིག་པ་དང་བསྐྱར་སྦོལ་བྱས་རྗེས་ས་ཆ་གཞན་དུ་ལེགས་སྒྲིག་བྱས་ཏེ་ཁྲོམ་རར་ཞུགས་པ་ཞིག་རེད། ས་གནས་དེ་གའི་པོ་ལན་ཀང་ཆིང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཡུའེ་ཤུས་མིང་གིས། ཁོང་ཚོ་ད་ལོ་གསར་གཏོད་གླིང་ཁུལ་གྱི་ཚད་ལྡན་ཅན་གྱི་བཟོ་ཁང་ནང་སྤོ་རྒྱུ་ཡིན་ཞེས་བཤད་ཡོད།

ཁོང་གིས། ང་ཚོའི་ད་ལྟའི་བཟོ་ཁང་སྟབས་བདེ་ལ་རྒྱ་ཆུང་ཆུང་རེད། ཁང་པ་རེ་རེ་བཞིན་ལོགས་སུ་དབྱེ་བ་དང་ཀང་ཆིང་རྣམས་གང་སར་བཞག་ཡོད། བཟོ་ཁང་གསར་པ་ནི་ཚད་ལྡན་ཡིན་པས། སྐབས་དེ་དུས་ལས་རིམ་ཐ་དག་ཡག་པོ་སྒྲུབ་ཐུབ། དེ་དུས་ཀང་ཆིང་ཁོ་ན་ཙམ་མ་ཡིན་པར་ང་རང་གིས་ལྷུ་ལག་གཞན་དག་ཀྱང་བཟོས་ན་འགྲིག་ཅེས་བཤད་པ་རེད།

ཀང་ཆིང་བཟོ་གྲྭ་ནི་དེ་སྔ་ཏུང་ཧོང་གྲོང་ཚོའི་ལྟེ་བའི་ཁུལ་དུ་གནས་ཤིང་། སླད་བསྐྱར་དུ་བཀོད་སྒྲིག་དང་། སྡེ་ཁུལ་རྣམ་པའི་སྡོད་གནས་ལྟར་འཆར་འགོད་བྱས་ཏེ། ཁང་པ་དང་སྡོད་ཁང་དེ་དག་གཅིག་གྱུར་འཆར་འགོད་ངང་འཛུགས་སྐྲུན་བྱས་ཡོད། རང་བྱུང་ཐོན་ཁུངས་པུའི་སྒྱུར་བཅོས་མཐུན་སྦྱོར་ཁྲུའི་འགོ་འཛིན་ཝང་ཨའེ་མིན་གྱིས། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱས་པ་ནི་མཉམ་རྒྱལ་ཡིན་ཞེས་གསུངས་པ་རེད།

ཝང་ཨེ་མིན་གྱིས། ད་ལྟ་དོན་དངོས་ཐོག་ལམ་ལུགས་འཁོ་སྤྲོད་ཞིག་འཁོ་འདོན་བྱས་ཡོད། ད་ལྟ་ཁྲོམ་རར་འཛུལ་དུ་བཅུག་ཚེ། སྲིད་གཞུང་ནས་གཞུང་ཁོངས་སུ་བསྡུ་དགོས་ཀྱི་མེད། སྔར་བཞིན་གྲོང་ཚོ་མཉམ་སྡེབ་ལ་དབང་བ་ཞིག་ཡིན་པས། ཞིང་པ་མཉམ་སྡེབ་དང་ཞིང་པ་ཚོ་ཡུན་རིང་ས་ཆའི་ཐོག་ནས་ཡོང་འབབ་ཐོབ་ཀྱི་ཡོད་ཅེས་བསྟན་ཡོད།

གྲོང་གསེབ་བསྐྱར་དར་ལ་ད་དུང་ཚན་རྩལ་འདེགས་སྐྱོར་ཤུགས་ཆེན་དགོས་ཀྱི་ཡོད། སྤྱི་ལོ་2013ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ལས་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་དགོས་པ་བཏོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་འཛུབ་སྟོན་དོན་འཁྱོལ་བྱེད་ཆེད། ཧྲན་ཏུང་ཞིང་ཆེན་གྱིས་ཞིང་ལས་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་བའི་ཐད་ཐབས་ཤེས་མང་པོ་བཏོན་ཡོད་པ་རེད།

ཧྲན་ཏུང་ཞིང་ཆེན་ཏེ་ཀྲའུ་གྲོང་ཁྱེར་ལིན་ཁྲེང་ཁུལ་དུ། འབྲུ་རིགས་འདེབས་མཁན་ཁྱིམ་དུད་ཆེན་མོ་ཀྲང་ཁྲོན་ཧྥུས་རྒལ་པར་ཁྱེར་ནས་སྨན་གཏོར་བའི་ཡོ་ཆས་བེད་སྤྱོད་བྱེད་ཀྱི་མེད་པར། ཞབས་ཞུ་ས་ཚིགས་ནས་རྩ་གཉིས་ཨང་རྟགས་བཤེར་ནས་མཉམ་སྤྱོད་ཀྱི་རྒྱང་ཚོར་སྨན་གཏོར་བའི་འཕྲུལ་ཆས་གཡར་ནས་བེད་སྤྱོད་གཏོང་གི་ཡོད་པས། ལག་རྩལ་གསར་པ་དེས་ཞིང་ལས་བྱེད་རྒྱུ་སྟབས་བདེ་རུ་ཕྱིན་ཡོད།

ཀྲང་ཁྲོན་ཧྥུས། མུའུ་དྲུག་གི་ས་ཞིང་ལ་སྐར་མ་བཅུ་ལྷག་གི་ནང་སྨན་རྒྱབ་ཚར་གྱི་ཡོད་ལ། ཕན་འབྲས་ཡག་པོ་ཐོན་གྱི་འདུག་ཅེས་ཤོད་ཀྱི་ཡོད་པ་རེད།

ཧྲན་ཏུང་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཏང་ཆིས། ཧྲན་ཏུང་ཞིང་ཆེན་གྱིས་གྲོང་གསེབ་སྐྱར་དར་གྱི་ཚན་རྩལ་སྣེ་ཁྲིད་འཆར་འགོད་ལག་བསྟར་བྱས་པ་དང་། སྤྱི་ལོ་2020ལོར་སླེབས་སྐབས་ཞིང་ལས་ཚན་རྩལ་ཡར་རྒྱས་ཀྱིས་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་༦༥བར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཝམ་ཏང་ཆིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི་ཞིང་ལས་ལ་ཚན་རྩལ་གྱིས་འདེགས་སྐྱོར་བྱེད་དགོས་ཞེས་པ་གང་མགྱོགས་མངོན་འགྱུར་ཡོང་བར། ཚན་རྩལ་ཡར་རྒྱས་ལ་བརྟེན་དགོས་པ་དང་། ཞིང་ལས་ཚན་རྩལ་གྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་རྒྱུན་མཐུན་གོང་འཕེལ་ནུས་པ་ཟམ་མི་ཆད་པར་མཐོ་རུ་བཏང་ནས། ཧྲན་ཏུང་གི་ཞིང་ལས་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།

གྲོང་གསེབ་བསྐྱར་དར་འཐབ་ཇུས་ལག་བསྟར་བྱེད་པར། ད་དུང་རིམ་པ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱེད་དགོས་པ་དང་། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་ངེས་པར་དུ་སྐུ་ངོ་མས་དམ་འཛིན་བྱེད་དགོས་ཀྱི་ཡོད། ད་ལོའི་དཔྱིད་དུས་ཚུན་དུ། ཀུད་ཀྲའུ་ཡིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་གྲོང་གསེབ་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱས་པ་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་དང་བསྟུན་ནས། མ་མོས་ལོ་ཏོག་འདེབས་འཛུགས་གཞི་ཁྱོན་ཆུང་དུ་བཏང་ཡོད། ཀུད་ཀྲའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་སུན་ཀྲེ་ཀང་གིས། མ་མོས་ལོ་ཏོག་འདེབས་འཛུགས་མ་བྱས་ན། ག་རེ་འདེབས་མིན་དང་། གང་འདྲ་བྱས་ནས་འདེབས་མིན། གང་འདྲ་འཚོང་དགོས་མིན། སུ་ལ་འཚོང་དགོས་མིན། ཁེ་ཕན་བགོ་འགྲེམ་གང་འདྲ་བྱེད་མིན་བཅས་བརྒྱུད་རིམ་ཡོངས་ལ། རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་ནི་འགན་འཁུར་བ་ཡིན། ཁྱེད་རང་ནས་དྲི་བར་དེར་ལན་རྒྱབ་དགོས་ན། ཁྱེད་རང་ནས་མང་ཚོགས་སྐུལ་སློང་བྱེད་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་ནས་མཉམ་དུ་ལས་ཀ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

མི་རིང་གོང་། སྤྱི་ལོ་2018ལོ་་ནས་སྤྱི་ལོ་2020ལོའི་བར་གྱི་གྲོང་གསེབ་བསྐྱར་དར་འཐབ་ཇུས་འཆར་འགོད་ཞེས་པ་པར་འགྲེམ་བྱས་ནས་ལག་བསྟར་བྱས་པ་དང་བསྟུན། གྲོང་གསེབ་བསྐྱར་དར་གྱི་མཐོ་རིམ་འཆར་འགོད་རིམ་བཞིན་ལེགས་གྲུབ་ཟིན་པ་དང་། ས་གནས་ཁག་གིས་འབྲེལ་ཡོད་བྱ་ཐབས་གཅིག་མཇུག་གཉིས་མཐུད་ངང་བཏོན་ཡོད་ལ། གྲོང་གསེབ་བསྐྱར་དར་བྱེད་འགོ་ཚུགས་ཡོད། ཞིང་ལས་ཐོན་སྐྱེད་དེ་བས་གནོད་མེད་དང་ཕན་འབྲས་མཐོ་བ་དང་། ཐོན་ལས་གསར་པ་དང་ལས་སྒོ་གསར་པ་དར་རྒྱས་བྱུང་ཡོད། ས་ཆའི་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་། གྲོང་གསེབ་ཀྱི་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་ཡོད། རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་དུས་ཀྱི་ཕྱུག་འགྱུར་གྲོང་གསེབ་རྣམ་པ་ཞིག་ད་ལྟ་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་གཅིག་མཇུག་གཉིས་མཐུད་ངང་མངོན་བཞིན་ཡོད་པ་རེད།

ཞི་ཅིན་ཕིང་གིས། བྱ་ཐབས་གཅིག་པ་མི་བཟུང་བ་དང་། གཅིག་སྒྱུར་གྱི་རྣམ་པ་མི་གཏོད་པ། ས་ཁོངས་ཁྱབ་ཁོངས་ལ་མཐོང་ཆེན་བྱེད་པ། གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་མངོན་པ། ལྷག་པར་དུ་སྲོལ་རྒྱུན་གྱི་གྲོང་ཚོ་དང་། མི་རིགས་གྲོང་ཚོ། སྲོལ་རྒྱུན་འཛུགས་སྐྲུན་བཅས་ལ་སྲུང་སྐྱོབ་ཡག་པོ་བྱས་ནས། སྣེ་མང་ཅན་དེ་མཛེས་པོར་བརྩིས་ཏེ། རང་སོ་སོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་གཏོད་དགོས་ཞེས་གསུངས་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།