ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་སྤྱི་ཚེས་༡༡ཉིན་འཆར་ཅན་གྱི་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུའི་ཐོག ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བརྒྱད་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནི་ལོ་རྒྱུས་གསར་གཏོད་དང་། འབྱུང་འགྱུར་འཆར་འགོད། མཉམ་ལས་གཅིག་སྡུད། ཞི་བདེར་སྐུལ་སྤེལ་བཅས་ཀྱི་གྲོས་ཚོགས་ཤིག་ཡིན་པ་དང་། གྲོས་ཚོགས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱི་མདུན་སྐྱོད་ཀྱི་དུང་བརྡ་བཏང་ཡོད་ཅེས་གསུངས་ཡོད་པ་རེད།

ཧྭ་ཁྲུན་ཡིང་གིས་ངོ་སྤྲོད་གནང་བར། སྤྱི་ཚེས་༡༠ཉིན་གྱི་སྔ་དྲོའི་འགོ་ཚུགས་མཛད་སྒོའི་ཐོག ཀྲུའུ་ཞི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ནས། ཀྲུང་གོ་དང་ཨ་རབ་བར་ཁྱོན་ཡོངས་མཉམ་ལས་དང་། ཐུན་མོང་གོང་འཕེལ། འབྱུང་འགྱུར་ལ་ཁ་ཕྱོགས་པའི་འཐབ་ཇུས་རོགས་པའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་གནང་བ་མ་ཟད། ཀྲུང་གོ་དང་ཨ་རབ་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱ་རྒྱུའི་མཉམ་ལས་ཐད་རྒྱང་ལྟའི་རང་བཞིན་དང་གསར་གཏོད་རང་བཞིན། སྒོ་འབྱེད་རང་བཞིན་བཅས་ལྡན་པའི་གྲོས་འགོ་གལ་ཆེན་མང་པོ་བཏོན་གནང་ནས། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་ལེའུ་གསར་པ་ཞིག་འགོ་ཚུགས་པ་དང་། མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བཏོན་གནང་ཡོད། ཉིན་དེ་གའི་ཕྱི་དྲོ། ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་ཀྱི་ཐུན་མོང་ངོས་འཛིན་བརྒྱ་ལྷག་ལ་གྲོས་འཆམ་བྱུང་ཡོད་པ་རེད། ཕྱོགས་གཉིས་པོས་པེ་ཅིང་བསྒྲགས་གཏམ་དང་། གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༨ལོ་ནས་༢༠༢༠ལོ་བར་གྱི་བྱ་སྤྱོད་ལག་བསྟར་འཆར་གཞི། ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བྱ་སྤྱོད་བསྒྲགས་གཏམ་བཅས་གྲུབ་འབྲས་ཀྱི་ཡིག་ཆ་གལ་ཆེན་གསུམ་ལ་མིང་རྟགས་བཀོད་ནས། སླད་ཕྱིན་དུས་མཚམས་ཤིག་གི་རིང་ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བའི་གོང་འཕེལ་ཐད་ཁ་གསལ་ཞིང་ཆ་ཚང་བའི་འཆར་གཞི་ཞིག་བཀོད་ཡོད་པ་རེད།

ཧྭ་ཁྲུན་ཡིང་གིས། པེ་ཅིང་བསྒྲགས་གཏམ་ནང་ཀྲུང་གོ་དང་ཨ་རབ་ཀྱི་འཐབ་ཇུས་རོགས་པའི་འབྲེལ་བའི་ནང་དོན་གཙོ་གནད་ཐོག་རྒྱས་བཤད་བྱས་ཡོད་པ་དང་། ཀྲུང་གོ་དང་ཨ་རབ་ཀྱི་འབྲེལ་བ་དང་མཉམ་སྡེབ་མཉམ་ལས་ཀྱི་ཁ་ཕྱོགས་གསལ་བཏོན་བྱས་ཡོད། གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༨ལོ་ནས་༢༠༢༠ལོ་བར་གྱི་བྱ་སྤྱོད་ལག་བསྟར་འཆར་གཞིའི་ནང་དཔལ་འབྱོར་ཉོ་ཚོང་དང་། བཟོ་ལས། ནུས་ཁུངས། རིག་གནས་སོགས་ཁྱབ་ཁོངས་༢༠ཙམ་གྱི་མཉམ་ལས་ཇུས་གཞི་གསར་པ་དང་བྱེད་ཐབས་གསར་པ་བཏོན་ཡོད། ཀྲུང་གོ་དང་ཨ་རབ་བར་མཉམ་ལས་བྱས་ནས་རྒྱུད་གཅིག་ལམ་གཅིག་གི་བྱ་སྤྱོད་བསྒྲགས་གཏམ་ཞེས་པའི་ནང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ཁྲིད་སྟོན་ནུས་པ་མངོན་གསལ་དུ་བཏོན་ཡོད། ཕྱོགས་གཉིས་པོའི་བར་ད་དུང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ཁྱབ་ཁོངས་དང་། སྔོན་ཐོབ་ཁ་ཕྱོགས། བྱ་སྤྱོད་བྱེད་ཐབས་སོགས་ཀྱི་ཐད་ཐུན་མོང་ངོས་འཛིན་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།