ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་དང་ལྷན་དུ་སྐབས་དགུ་པའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་གནང་བ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་བདུན་པའི་ཚེས་༩ཉིན་གྱི་དགོང་མོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ལིན་དུ་དཔལ་འབྱོར་དང་ནུས་ཁུངས་པུའུ་དང་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ལྷན་དུ་སྐབས་དགུ་པའི་ཀྲུང་གོ་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་གླེང་སྟེགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་གནང་བ་མ་ཟད་གསུང་བཤད་གནང་བ་རེད།

ལི་ཁེ་ཆང་གིས། ང་རང་དང་ཙུང་ལི་མོ་ཁེར་ནས་དེ་རིང་རེས་སྐོར་ལྔ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་གཙོ་སྐྱོང་ཞུས་ནས་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་ཡོད། ང་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་བརྟན་དུ་དང་གོང་མཐོར་གཏོང་བ་དང་། ཀྲུང་གོ་དང་འཇར་མན་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་རྨང་གཞི་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཆུ་ཚད་སྔར་བས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་བ། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ཀྱི་གཏན་འཁེལ་རང་བཞིན་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པའི་སྔར་རྒྱུན་རང་བཞིན་གྱིས་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་བརྟན་པའི་རང་བཞིན་བསྣན་ཡོད་པའི་མོས་མཐུན་གནང་ཡོད་ཅེས་དང་།

ལི་ཁེ་ཆང་གིས། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ལག་རྩལ་མཉམ་ལས་དེ་རང་མོས་སྒོ་དབྱེའི་ཉོ་ཚོང་མ་འཇོག་ཁོར་ཡུག་དང་ཁ་བྲལ་ཐབས་མེད། དཔལ་འབྱོར་གོ་ལ་ཅན་ལ་འགྱུར་བའི་དེང་གི་དུས་འདིར་གཅིག་རྒྱལ་གཅིག་ཕམ་འགྲན་རྩོད་ཀྱི་བསམ་བློ་རྙིང་པ་བརྟན་སྲུང་དང་། གང་འདོད་ལྟར་ཉོ་ཚོང་རྩོད་གཞི་བསླངས་བ་དེས་དོ་བདག་ཕྱོགས་གཉིས་པོའི་ཁེ་ཕན་ལ་གནོད་འཚེ་བཟོ་བཞིན་ཡོད་པ་མ་ཟད། འཛམ་གླིང་ཧྲིལ་པོའི་ཐོན་ལས་འབྲེལ་ཐག་གི་ཕྱོགས་ཁག་གི་ཁེ་ཕན་ལ་གནོད་འཚེ་བཟོས་ཡོད། ང་ཚོར་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ནུས་པ་ཡོད་པ་དང་། མུ་མཐུད་རང་རྟོགས་ངང་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་བཏང་ནས་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། གཞུང་དྲང་དང་ཡོངས་བསྒྲགས། ཁ་གསལ་བཅས་ཀྱི་འགྲན་རྩོད་ལ་བརྟེན་ནས་སྣེ་མང་ཅན་གྱི་ཁྲོམ་ར་རྒྱ་སྐྱེད་གཏོང་བ། རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་ནས་ནང་སྐྱེའི་སྒུལ་ཤུགས་ཤུགས་ཆེར་གཏོང་བ། དཔལ་འབྱོར་རྒྱུན་མཐུད་འཕར་སྣོན་དང་བརྟན་པོའི་ཁྲོད་ལེགས་སུ་འགྲོ་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཉིན་དེར། ལི་ཁེ་ཆང་དང་མོ་ཁེར་གྱིས་ལྷན་དུ་ཀྲུང་གོ་དང་འཇར་མན་གྱི་རང་འགུལ་ངང་ཁ་ལོ་སྒྱུར་ཐུབ་པའི་རླངས་འཁོར་འགྲེམ་སྟོན་བྱེད་པའི་བྱེད་སྒོར་ཞུགས་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།