ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ལྷན་དུ་རེས་འཁོར་ལྔ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༧པའི་ཚེས་༩ཉིན་གྱི་ཉིན་དགུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེར་ལིན་གྱི་ཙུང་ལིའི་ལས་ཤག་ཏུ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་ལྷན་དུ་རེས་འཁོར་ལྔ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་གཙོ་སྐྱོང་གནང་ཡོད་པ་རེད།

ཕྱོགས་གཉིས་པོས། ཀྲུང་གོ་དང་འཇར་མན་གྱིས་དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས། གྲངས་གཞི་ཅན་དང་། རང་འགུལ་རླངས་འཁོར། མི་ཐབས་རིག་ནུས། ནུས་ཁུངས་གསར་པའི་རླངས་འཁོར་སོགས་གསར་དར་ཐོན་ལས་དང་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་བཅོས་སྐྱོང་དང་ནུས་ཁུངས་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཞིབ་འཇུག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཐོ་རིམ་སློབ་གསོ་དང་། ལས་རིགས་སློབ་གསོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། གཞུང་ཚབ་སྲུང་སྐྱོབ་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཕྱོགས་གཉིས་པོས་མགྲིན་དབྱངས་གཅིག་གྱུར་ཐོག ཀྲུང་གོ་དང་འཇར་མན་གྱིས་དངུལ་རྩ་དང་ནོར་དཔལ་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རིམ་པ་མཐོ་བའི་ནོར་དངུལ་སྐད་ཆ་ཤོད་རེས་སོགས་སྒྲིག་གཞི་བེད་སྤྱོད་བཏང་སྟེ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་འབྲེལ་གཏུག་ལ་ཤུགས་སྣོན་དང་། ཕྱོགས་གཉིས་པོ་དང་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ཀྱི་མ་རྩ་རུབ་བསྡུས་སྟེགས་བུ་བསྐྲུན་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྟེགས་བུ་བརྒྱུད། དར་ཆ་གསལ་བཏོན་གྱིས་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་དགོས་པ་དང་། ཕྱོགས་མང་སྒྲིག་སྲོལ་གྱིས་རྨང་གཞི་བྱེད་པའི་རང་མོས་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་པ། གོ་ལ་ཧྲིལ་པོའི་དཔལ་འབྱོར་སྟོབས་ཆེ་དང་། རྒྱུན་མཐུད། དོ་སྙོམས་བཅས་ཀྱི་ངང་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་ཡོད་པ་རེད།

ལི་ཁེ་ཆང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༨ལོའི་ལོ་ཚོགས་ཐོག་འཛམ་གླིང་ལ་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུའི་བརྡ་འཕྲིན་གསལ་པོ་བཏང་ཡོད། ང་ཚོས་འཇར་མན་ཕྱོགས་བར་ཀྲུང་གོའི་རེས་འཁོར་གསར་པའི་སྒོ་དབྱེའི་ཕན་ཁེ་མཉམ་སྤྱོད་བྱ་འདོད་ཡོད། འཇར་མན་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ལ་སྒོ་དབྱེ་རྒྱུན་འཁྱོངས་བྱ་རྒྱུ་དང་། མཛའ་གྲོགས་ལྡན་པ་དང་། གཞུང་དྲང་། དྲང་བདེན་བཅས་ཀྱི་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་པོས་རེས་འཁོར་འདིའི་གྲོས་མོལ་ནང་གྲོས་འཆམ་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་བྱས་ཏེ། ཀྲུང་གོ་དང་འཇར་མན་ཕྱོགས་གཉིས་ཀར་ཕན་པ་ཐོབ་པ་བྱ་རྒྱུ་མ་ཟད་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་འཕེལ་རིམ་ལ་སྐུལ་འདེད་ཐེབས་པའི་རེ་བ་བྱེད་ཀྱི་ཅེས་གསུངས་ཡོད་པ་རེད། གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་ཙུང་ལིས་ཐུན་མོང་ཐོག་ཕྱོགས་གཉིས་པོའི་ཞིང་ལས་དང་། སློབ་གསོ། གཞོན་ནུ། འཕྲོད་བསྟེན། རྫས་འགྱུར་བཟོ་ལས། འཕྲིན་གཏོང་། རླངས་འཁོར། རང་འགུལ་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་༢༠ལྷག་ལ་མིང་རྟགས་བཀོད་པར་བདེན་དཔང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།