ལི་ཁེ་ཆང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གྲོས་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་༧པའི་ཚེས་༩ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེར་ལིན་གྱི་ཙུང་ཐུང་ལས་ཤག་ཏུ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་གྲོས་མོལ་གནང་ཡོད་པ་རེད།

ལི་ཁེ་ཆང་གིས། འཚམས་འདྲི་ཞུ་རིང་། ཕྱོགས་གཉིས་པོས་ཐེངས་དང་པོར་འཇར་མན་གྱི་རླངས་འཁོར་ཁེ་ལས་ཀྱིས་ཀྲུང་གོར་མཉམ་ལས་མ་འཇོག་རྣམ་གྲངས་ཀྱི་མ་རྐང་བཟུང་བའི་བསྡུར་ཚད་མཐོ་རུ་གཏོང་རྒྱུ་དང་། རྫས་འགྱུར་བཟོ་ལས་ཁེ་ལས་ཀྱིས་ཀྲུང་གོར་རང་བདག་མ་རྩའི་རྣམ་གྲངས་ཆེ་གྲས་བསྐྲུན་རྒྱུ་སོགས་ཀྱི་ཐད་གྲོས་ཆོད་བཞག་ཡོད། དེའི་ཐོག་ནས་ཀྲུང་གོའི་སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་རབ་དང་རིམ་པ་སྔ་ཕྱིར་དོན་འཁྱོལ་བྱེད་བཞིན་ཡོད་པ་མངོན་ཡོད། ཕྱོགས་གཉིས་པོས་རིག་ནུས་བཟོ་སྐྲུན་དང་། རང་འགུལ་རླངས་འཁོར། ནུས་ཁུངས་གསར་པའི་རླངས་འཁོར་སོགས་ཀྱི་གསར་གཏོད་མཉམ་ལས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས། ཀྲུང་གོས་མུ་མཐུད་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་རང་མོས་རྨང་གཞིའི་ཐོག་ལག་རྩལ་སྤེལ་རེས་བྱ་རྒྱུར་སྐུལ་མ་གཏོང་བ། བཙན་ཐབས་ཀྱི་ལག་རྩལ་ནང་བཤུག་བྱེད་ཏུ་མི་འཇུག་པ་བཅས་བྱ་རྒྱུ་ཡིན་ལ། འཇར་མན་ཕྱོགས་ནས་ཀྱང་ཀྲུང་གོའི་ཁེ་ལས་འཇར་མན་ལ་མ་འཇོག་བྱེད་པར་བསྐྱོད་རྒྱུར་གཞུང་དྲང་དང་དྲང་བདེན་གྱི་ཐོབ་ཐང་སྤྲོད་རྒྱུ་དང་། མཐོ་གསར་ལག་རྩལ་ཐོན་རྫས་ཀྲུང་གོར་ཕྱིར་གཏོང་བྱ་རྒྱུ་དང་ཀྲུང་གོའི་ཁེ་ལས་ཀྱི་ཁྲོམ་རར་འདོན་ཆོག་པའི་ཁྱབ་ཁོངས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ནས་འཇར་མན་བར་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་རྒྱ་སྐྱེད་བཏང་ནས། ཐུན་མོང་ཐོག་དེ་བས་རྒྱ་ཆེ་བའི་ཁྲོམ་ར་གཏོད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

མོ་ཁེར་གྱིས། མིག་སྔའི་རྒྱལ་སྤྱིའི་རྒྱབ་ལྗོངས་འོག འཇར་ཀྲུང་གཉིས་པོས་དཔལ་འབྱོར་ཉོ་ཚོང་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ལྷག་བསམ་ཟོལ་མེད་ངང་སྒོ་དབྱེ་འབྲེལ་གཏུག་བྱ་རྒྱུར་དེ་བས་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད། འཇར་མན་ཕྱོགས་ནས་ཀྲུང་གོས་སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་བྱེད་ཐབས་འཇར་ཀྲུང་མཉམ་ལས་ནང་སྔོན་ལ་དོན་འཁྱོལ་བྱེད་པར་དགའ་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་ནས་འཇར་མན་ལ་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། དུས་སང་འཇར་ཀྲུང་མི་ཆོས་རིག་གནས་སྤེལ་རེས་ལོའི་གོ་སྐབས་བེད་སྤྱད་ནས། ཕྱོགས་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་འདོད་ཡོད། འཇར་མན་ཕྱོགས་ནས་ད་ཐེངས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་འགོ་ཁྲིད་པའི་བར་གྱི་གྲོས་མོལ་གྱིས་མཉམ་འབྲེལ་གསལ་བསྒྲགས་སྤེལ་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་ལ་གང་མགྱོགས་འཕེལ་རིམ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

གྲོས་མོལ་མ་གནང་གོང་། མོ་ཁེར་གྱིས་ཙུང་ལིའི་ལས་ཤག་མདུན་གྱི་ཐང་ཆེན་ཐོག་ལི་ཁེ་ཆང་ལ་དགའ་བསུའི་མཛད་སྒོ་གཟབ་རྒྱས་སྤེལ་ཡོད་པ་རེད། དམག་དཔུང་རོལ་ཆའི་རུ་ཁག་གིས་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་གཏོང་བྱས་པ་དང་། ཀྲུང་གོ་དང་འཇར་མན་གྱི་རྒྱལ་དར་གཡའ་དག་པའི་ནམ་མཁའི་ཐོག་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད། ལི་ཁེ་ཆང་གིས་མོ་ཁེར་གྱི་ཕེབས་རོགས་འོག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།