སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཚོགས་འཚོགས་པ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཚོགས་འཚོགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་རླུང་ཁམས་ཆེན་མོའི་སྦགས་གཙོག་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྲིམས་ལྟར་སྐུལ་འདེད་བཏང་ནས་སྦགས་གཙོག་འགོག་བཅོས་ལས་ཀའི་འགག་སྒྲོལ་ ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བ་དང་། ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་གྲོས་ཞིབ་ནང་ཞུགས་ཡོད་པ་རེད།

རླུང་ཁམས་ཆེན་མོའི་སྦགས་གཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་གནང་སྐབས། ཚོགས་ཞུགས་མི་སྣ་རྣམས་ཀྱིས་ཡོངས་ཁྱབ་ཐོག སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། སྦགས་གཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གནམ་སྔོན་པོ་སྲུང་བའི་འགག་སྒྲོལ་ལས་རྣམ་པར་རྒྱལ་བ་བྱེད་པ་ནི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་ནང་ཆབ་སྲིད་ཀྱི་གནས་བབ་མཐོ་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་རླུང་ཁམས་ཆེན་མོའི་སྦགས་གཙོག་འགོག་བཅོས་ལས་ཀར་འཕེལ་རིམ་བཟང་པོ་ཐོན་པར་གདེང་འཇོག་གང་ལེགས་བྱས་པ། ཁྲིམས་ལུགས་ལག་བསྟར་བྱེད་པའི་ནང་ལྷག་བསྡད་པའི་གནད་དོན་གཙོ་བོ་རྣམས་གང་ལེགས་མངོན་པ། ལྷག་བསྡད་པའི་གནད་དོན་གྱི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ། གྲོས་འགོ་བཏོན་པ་རྣམས་ལ་དམིགས་སའི་རང་བཞིན་དང་། བཀོལ་སྤྱོད་རང་བཞིན། ལག་བསྟར་བྱ་རུང་བའི་རང་བཞིན་བཅས་ཆེན་པོ་ལྡན་པས། སྙན་ཞུ་དེར་མོས་མཐུན་ཡོད་པའི་རྣམ་པ་བསྟན་གནང་ཡོད་པ་རེད།

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཁྲིམས་ལྟར་སྐུལ་འདེད་བཏང་ནས་སྦགས་གཙོག་འགོག་བཅོས་ལས་ཀར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་ཞིབ་གནང་བའི་སྐབས་སུ། ཚོགས་ཞུགས་མི་སྣ་རྣམས་ཀྱིས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་མངགས་གྲོས་ཆོད་འདོན་པ་དེ་ནི། དོན་ངོ་མའི་ལག་ལེན་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་ཞིག་ཡིན་ལ། ཁྲིམས་ལུགས་ཁྱོན་ཡོངས་ནས་ནུས་ལྡན་ལག་བསྟར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྦགས་གཙོག་འགོག་བཅོས་ལས་དོན་ཡག་པོ་སྒྲུབ་པར་དགོས་ངེས་ཀྱི་ལེགས་སྐྱེས་འཕུལ་བ། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ། ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏང་རྒྱུ་འཚོལ་ཞིབ་ཧུར་ཐག་བྱེད་པ། ཁྲིམས་འཛིན་ཞིབ་བཤེར་ཀྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་བཅས་ཡིན་པས། གྲོས་ཆོད་འཆར་ཟིན་དེ་ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་བརྡས་ཐག་གཅད་རྒྱུར་འབུལ་བར་མོས་མཐུན་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།