ཝང་ཆི་ཧྲན་གྱིས་ཁག་སོ་སོར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དྲུང་ཡིག་ཆེན་མོ་ཀའེ་ཐེ་དང་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁའེ་ལི་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་ཁག་སོ་སོར་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དྲུང་ཡིག་ཆེན་མོ་ཀའེ་ཐེ་དང་ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ཧྲུའུ་ཁའེ་ལི་དང་མཇལ་འཛོམས་གནང་ཡོད་པ་རེད།

ཀའེ་ཐེ་དང་མཇལ་འཛོམས་གནང་སྐབས། ཝང་ཆི་ཧྲན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༤ལོ་དང་སྤྱི་ལོ་༢༠༡༦ལོར་ཨ་རབ་ཁྱོན་ལ་དམིགས་ནས་གསུངས་བཤད་གལ་ཆེན་ཐེངས་གཉིས་གནང་ནས། ཀྲུང་ཨའི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོའི་ཕྱོགས་ནས་ཨ་རབ་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཧུར་ཐག་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་། ཨ་རབ་མནའ་འབྲེལ་ནས་ཀྲུང་ཨའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་དང་།

ཧྲུའུ་ཁའེ་ལི་དང་མཇལ་འཛོམས་གནང་སྐབས། ཝང་ཆི་ཧྲན་གྱིས། ཉེ་བའི་ལོའི་ནང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སའེ་ཤི་སྐུ་ངོ་མའི་སྣེ་ཁྲིད་འོག ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་རྒྱུན་མཐུད་བརྟན་པོའི་སྒོ་ནས་གོང་འཕེལ་བྱུང་བ་དང་། ཀྲུང་གོའི་ཕྱོགས་ནས་ཨེ་ཅིབ་དང་ལྷན་དུ་ཁྱབ་ཁོངས་ཁག་ནང་གི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། དུས་སྐབས་གསར་པར་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་མ་ཟད། ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་སྐུལ་འདེད་གཏོང་ཆེད་ནུས་པ་འདོན་སྤེལ་བྱ་འདོད་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།