ཞི་ཅིན་ཕིང་དང་ཕ་ན་མའི་ཙུང་ཐུང་པ་ལའེ་ལ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཕ་ན་མའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བར་ཕན་ཚུན་དབར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་བ།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཟླ་༦པའི་ཚེས་༡༣ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ན་མའི་ཙུང་ཐུང་པ་ལའེ་ལ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཕ་ན་མའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་གཅིག་འཁོར་བར་ཕན་ཚུན་དབར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་། ན་ནིང་ཟླ་བ་༦པར། ཀྲུང་གོ་དང་ཕ་ན་མའི་དབར་ཕྱི་འབྲེལ་འབྲེལ་བ་དངོས་སུ་བཙུགས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དུས་སྐབས་གསར་པ་ཞིག་གཏོད་ཡོད། ན་ནིང་ཟླ་བ་༡༡པར། སྐུ་ཉིད་ནས་ཀྲུང་གོར་རྒྱལ་ཁའི་ངང་འཚམས་འདྲི་གནང་བ་དང་། ང་ཚོས་ཀྲུང་གོ་དང་ཕ་ན་མའི་འབྲེལ་བའི་ཁྱོན་ཡོངས་གོང་འཕེལ་ལ་ཐུན་མོང་བགྲོ་གླེང་དང་འཆར་གཞི་བཏིང་ཡོད། ཕྱོགས་གཉིས་པོས་གསོ་སྤེལ་ཞིབ་ཚགས་བྱས་པ་རྒྱུད། ཀྲུང་གོ་དང་ཕ་ན་མའི་འབྲེལ་བའི་གོང་སྤེལ་གྱི་ས་བོན་ལ་ད་ལྟ་ལོ་འདབ་རྒྱས་ནས་འབྲས་བུ་སྨིན་དང་སྨིན་མུས་ཡིན། དོན་དངོས་ལས་ར་སྤྲོད་བྱས་པར། ཀྲུང་གོ་དང་ཕ་ན་མའི་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནི་ཕྱོགས་གཉིས་པོས་མཐོ་ས་ནས་རྒྱང་རིང་ལ་གཟིགས་པའི་ཡང་དག་པའི་ཆབ་སྲིད་ཀྱི་ཆོད་སྡོམ་ཞིག་ཡིན་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བརྩི་བཀུར་མཐའ་གཅིག་ཏུ་ཐོབ་ཡོད། ངོས་ནས་ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས། སྐུ་ཉིད་དང་ལྷན་དུ་ཁ་ཕྱོགས་གཅིག་པའི་ཐོག་ཐུན་མོང་འབད་བརྩོན་བྱེད་པ་དང་། ཕན་ཚུན་དབར་བརྩི་བཀུར་དང་། མཉམ་ལས་མཉམ་རྒྱལ། ཐུན་མོང་གོང་འཕེལ་བཅས་ཀྱི་རྩ་དོན་གཞིར་བཟུང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། ཀྲུང་ཕའི་འབྲེལ་བར་གྲུབ་འབྲས་གང་ལེགས་ཐོབ་རྒྱུ་དང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་འཁོད་ཡོད་པ་རེད།

པ་ལའེ་ལའི་འཕྲིན་ཡིག་གི་ནང་། ལོ་གཅིག་གི་ནང་ཚུན་དུ། ཕ་ཀྲུང་རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་དང་མཉམ་ལས་བྱེད་པའི་རྨང་གཞིའི་ཐོག གལ་ཆེའི་ཐུན་མོང་ངོས་འཛིན་གཅིག་འགྱུར་བྱུང་ནས་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། དེ་འདྲའི་རྒྱབ་ལྗོངས་འོག ཕྱོགས་གཉིས་པོར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་གཅིག་འཁོར་བའི་ལོ་རྒྱུས་རང་བཞིན་གྱི་དུས་བཟང་ཤར་ཡོད། ངོས་ནས་རང་ཉིད་དངོས་སུ་ཕ་ཀྲུང་འབྲེལ་བའི་འགོ་འཛུགས་ནང་ཞུགས་པར་སྤོབས་པ་སྐྱེས་བྱུང་། སླད་ཕྱིན་མུ་མཐུད་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ཁྱབ་ཁོངས་རྒྱ་ཆེ་ས་ནས་ཕ་ཀྲུང་འབྲེལ་བར་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།