རྒྱལ་སྤྱིའི་སྤྱི་ཚོགས་ནས་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ཐོག་གནང་བའི་གསུང་བཤད་ལ་གདེང་འཇོག་མཐོ་པོ་བྱས་པ།
སྤེལ་བའི་དུས་ཚོད། : 2018-06-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྤྱིའི་སྤྱི་ཚོགས་ནས་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ཐོག་གནང་བའི་གསུང་བཤད་ལ་གདེང་འཇོག་མཐོ་པོ་བྱས་པ་དང་། གསུང་བཤད་དེས་རིགས་པའི་གཞུང་ལུགས་ཀྱི་བང་རིམ་དང་བྱ་སྤྱོད་ཀྱི་ཐད་ནས་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་ལ་ཇུས་གཞི་གསར་པ་དང་བློ་གྲོས་གསར་པ་མཁོ་འདོན་བྱས་ཡོད་པའི་ངོས་འཛིན་བྱས་འདུག

ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཆིང་ཏའོ་དབུ་ཚོགས་ལ་ཞུགས་པའི་འཛམ་གླིང་དངུལ་ཁང་གི་ཨ་ཤེ་ཡའི་ཤར་ཁུལ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་འགོ་འཛིན་གཞོན་པ་ཝི་ཏོ་ལ་ཡ་ཁེ་ཝས། ཞི་ཀྲུའུ་ཞིས་དབུ་ཚོགས་ཐོག་གནང་བའི་གསུང་བཤད་དེས་ཁོང་ལ་བག་ཆགས་ཟབ་མོ་བཞག་བྱུང་། ལྷག་པར་དུ་ཁོང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཁག་ནས་མཉམ་དུ་གོང་འཕེལ་དར་རྒྱས་ཡོང་བ་བྱེད་པའི་འགུལ་ཤུགས་ཆེན་པོ་ཞིག་གཏོད་དགོས་ཞེས་གསུངས་པ་དེར་བསྔགས་བརྗོད་ཞུ་བཞིན་ཡོད་ཅེས་དང་། ཁོང་གིས། ཞི་ཀྲུའུ་ཞིས་དོན་གནད་གལ་ཧ་ཅང་ཆེན་པོ་ཞིག་ནན་སྟོན་གནང་སོང་། དེ་ནི་མིག་སྔར་ཕྱོགས་རྐྱང་པའི་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་རྣམ་པ་གསར་པའི་ཐོག་ནས་ཟམ་མི་ཆད་པར་ཐོན་པ་དང་། དེ་ནི་གོ་ལའི་གོང་འཕེལ་གྱི་ཡང་དག་པའི་ཁ་ཕྱོགས་མ་རེད། དེར་བརྟེན་ཧྲང་ཧའེ་མཉམ་ལས་སྒྲིག་བཙུགས་རྒྱལ་ཁབ་ཁག་ནས་རྒྱུན་མཐུད་དང་ཆབས་ཅིག་གཏིང་ཟབ་སྒོ་ནས་ས་ཁོངས་རང་བཞིན་གྱི་མཉམ་ལས་བྱ་དགོས་ཞེས་ནན་སྟོན་གནང་བ་དེ་རེད། ཞི་ཀྲུའུ་ཞིས་རྒྱལ་ཁབ་ཁག་ནས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་སྲོལ་ལ་སྲུང་སྐྱོབ་དང་ཕྱོགས་མང་རིང་ལུགས་ཀྱི་སྒྲིག་གཞིར་རྒྱབ་སྐྱོར་བྱ་དགོས་ཞེས་ནན་སྟོན་གནང་ཡོད་ཅེས་གསུངས་འདུག

ཞི་ཀྲུའུ་ཞིའི་གསུང་བཤད་ནང་བཏོན་པའི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁྲིད་སྟོན་བྱེད་པའི་ཧྲང་ཧའེ་སྙིང་སྟོབས་ཞེས་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་བར་གྱི་འབྲེལ་བའི་གོང་འཕེལ་དང་། དེ་བཞིན་འཆམ་མཐུན་གྱི་རྒྱལ་སྤྱིའི་སྤྱི་ཚོགས་བསྐྲུན་རྒྱུར་ཕྱོགས་སྟོན་གནང་ཡོད་པ་རེད། ཨུ་རུ་སུ་རང་བཙན་རྒྱལ་ཁབ་མནའ་འབྲེལ་ཞིབ་འཇུག་ཁང་གི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་གོང་འཕེལ་ཞིབ་འཇུག་ཁང་གི་འགོ་འཛིན་ཡེ་ཧྥུ་ཤེ་རྣ་ཧྥུས། ཧྲང་ཧའེ་སྙིང་སྟོབས་ཀྱིས་རྒྱུན་འཁྱོངས་བྱེད་པའི་ལྟ་བ་ལྔ་ཡིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་གཞུང་དྲང་གི་སྣེ་མང་ཅན་གྱི་འཛམ་གླིང་བསྐྲུན་རྒྱུར་ཤུགས་རྒྱག་པ་དང་། ཉོ་ཚོང་རང་མོས་ཅན་དང་གཞུང་དྲང་ཅན་ལ་འགྱུར་བ་བྱ་རྒྱུར་ཤུགས་རྒྱག་པ། གལ་ཆེ་ཤོས་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་བསྐྲུན་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད། དེ་དག་ནི་ཧྲང་ཧའེ་སྙིང་སྟོབས་ཀྱི་ཉིང་བཅུད་གནས་ས་དེ་རེད་ཅེས་གསུངས་འདུག

དབྱིན་ཇིའི་དཔལ་འབྱོར་ལས་རིགས་ཀྱི་མི་སྣ་དང་ཨ་རིའི་རིག་གནས་པས་ཀྱང་། ཞི་ཀྲུའུ་ཞིའི་གསུང་བཤད་ནང་ནན་བཤད་བྱས་པའི་མཉམ་སྤྱོད་ཀྱི་འདུ་ཤེས་དེ་རྒྱལ་ཁབ་ཁག་གིས་དཔྱད་གཞིར་འཛིན་རུང་བ་ཞིག་རེད། སྒོ་དབྱེ་ཁོག་ཡངས་ཀྱི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་འགོ་འཛུགས་ས་གསར་པ་ཞིག་སླེབས་རྒྱུ་རེད་ཅེས་གསུངས་འདུག དབྱིན་ཇིའི་ཚོགས་པ་བཞི་བཅུ་ཞེ་བརྒྱད་ཀྱི་སྤྲོ་རྩེད་ཁང་གི་ཀྲུའུ་ཞི་ཕེ་ལེས། ཀྲུང་གོས་གྲོས་འགོ་བཏོན་པའི་འོག དེང་གི་ཨ་ཤེ་ཡ་གླིང་ལ་དཔལ་འབྱོར་གོང་འཕེལ་གྱི་འདུ་ཤེས་ཤིག་ཡོད་པ་དང་། དེ་ནི་རྒྱལ་ཁབ་གཞན་པ་དང་མཉམ་ལས་དམ་ཟབ་བྱས་ནས་གོང་འཕེལ་བརྟན་པོ་ཡོང་བ་དང་། གོང་འཕེལ་གྲུབ་འབྲས་འདྲ་མཉམ་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་དེ་རེད། ནུབ་ཕྱོགས་རྒྱལ་ཁབ་དང་བསྡུར་ན་འདིར་མཉམ་སྤྱོད་ཀྱི་འདུ་ཤེས་དེ་གཙིགས་ཆེར་འཛིན་བཞིན་ཡོད། གོམ་སྟབས་རྗེས་མའི་ངོས་ནས་བཤད་ན། ཧྲང་ཧའེ་སྙིང་སྟོབས་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དོ་ཁུར་དང་བསམ་ཤེས་བྱ་དགོས་པའི་འདུ་ཤེས་གལ་ཆེན་ཞིག་ཡིན་ཞེས་གསུངས་འདུག ཀྲུང་གོ་དང་ཨ་རིའི་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་ཀུ་ཧྥུ་ཐས། ཞི་ཀྲུའུ་ཞིས་ཆིང་ཏའོ་དབུ་ཚོགས་དེ་འགོ་འཛུགས་ས་གསར་པ་ཞིག་ཡིན་ཞེས་གསུངས་ཡོད། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་ཞུགས་རྒྱལ་ཁབ་ཇེ་མང་དུ་འགྱུར་བ་དང་བསྟུན་ནས་མཉམ་ལས་དེ་བས་རྒྱ་ཆེ་རུ་འགྲོ་རྒྱུ་རེད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།