ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ཚན་པ་དང་ཕྱི་རྒྱལ་གྱི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་ཚད་མཐོའི་དོ་ཁུར་བྱས་པ།
སྤེལ་བའི་དུས་ཚོད། : 2018-06-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ།
སྤྱི་ཚེས་༡༠ཉིན། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་ཐོག་གལ་ཆེའི་གསུང་བཤད་གནང་ཡོད། ཁོངས་གཏོགས་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ཚན་པས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ལ་ཚད་མཐོའི་དོ་ཁུར་བྱས་ཡོད་པ་དང་། ཕྱི་རྒྱལ་གྱི་མི་སྣ་དེ་བས་མང་བས་ཧྲང་ཧའེ་སྙིང་སྟོབས་ཀྱི་དར་ཞིང་འཕེལ་བའི་གསོན་ཤུགས་དང་སྟོབས་ཆེའི་མཉམ་ལས་འགུལ་ཤུགས་ལ་བསྔགས་བརྗོད་བྱས་ཡོད་ཅིང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་དེ་བས་འོད་སྣང་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་ཐུབ་པའི་ཡིད་ཆེས་བྱས་ཡོད་པ་རེད།

ཨུ་རུ་སུའི་རང་ཚུགས་བརྙན་འཕྲིན་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བའི་ནང་། དབུ་ཚོགས་ལ་གྲུབ་འབྲས་མང་པོ་ཐོབ་ཡོད་པ་དང་། སྒྲིག་འཛུགས་དེའི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་ཆུ་ཚད་མཐོ་བའི་རོགས་ལས་དང་མཐུན་སྒྲིལ་གང་ལེགས་མངོན་ཡོད་ཅིང་། ས་ཁུལ་གྱི་དར་རྒྱས་གོང་འཕེལ་དང་མཉམ་འདྲེས་ཐད་འཆར་འགོད་བཟོས་ཡོད་ཅེས་བཤད་ཡོད་པ་རེད།

ད་ཅི་ཁེ་སི་ཐན་གྱི་ཨ་ཝེ་སི་ད་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བའི་ནང་། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱིས་སྟོབས་ཤུགས་ངན་པ་གསུམ་ལ་རྡུང་རྡེག་བཏང་ནས། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུའི་ཐད་འབད་བརྩོན་བྱས་ཡོད་པ་དང་། དབུ་ཚོགས་ཀྱིས་འཛམ་གླིང་ཐོག་ཞི་བདེ་དང་འདྲ་མཉམ་མཉམ་ལས་ཡོང་རེ་བྱེད་པའི་སྟོབས་ཤུགས་མཐུན་སྒྲིལ་ཐུབ་རྒྱུ་དང་། དེ་བས་མང་བའི་རྒྱལ་ཁབ་ལ་ཡིད་འགུག་བྱ་རྒྱུ་རེད་ཅེས་བཤད་ཡོད་པ་རེད།

ཨབ་ཀ་ནི་སི་ཐན་གྱི་ཆབ་སྲིད་དབྱེ་ཞིབ་མི་སྣ་ཧ་ཐེ་ཧྥུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱིས་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཐལ་སྐྱོད་རིང་ལུགས་བཅས་ལ་རྡུང་རྡེག་གཏོང་བའི་སྤྱི་ལོ་༢༠༡༩ལོནས་༢༠༢༡ལོ་བར་གྱི་མཉམ་ལས་རྩ་གནད་ཅེས་པ་དོན་འཁྱོལ་ཧུར་ཐག་བྱེད་དགོས། བྱེད་ཐབས་དེ་དག་གིས་ས་ཁུལ་གྱི་རྒྱལ་ཁབ་ཚང་མ་མཐུན་སྒྲིལ་བྱས་ཏེ་ཐུན་མོང་གི་བདེ་འཇགས་འགྲན་རྩོད་ལ་ཁ་གཏད་གཅོག་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

རྒྱ་གར་ཆོས་དད་པའི་ཚགས་པར་ཞེས་པའི་ཐོག མཉམ་ལས་དང་མཉམ་རྒྱལ་གཉིས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ནང་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་དེ་མཉམ་ལས་དེ་བས་མང་བ་དང་གྲོས་མོལ་སྙིང་སྟོབས་ལྡན་པའི་ཕྱོགས་མང་མཉམ་ལས་སྟེགས་བུ་ཞིག་ལ་གཏན་འཁེལ་གནང་ཡོད་པ་དང་། དེས་ས་ཁུལ་གྱི་ཞི་བདེ་དང་གོང་འཕེལ་ལ་མ་དཔེ་གསར་པ་ཞིག་གཏོད་ཡོད་ཅིང་། ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་བསྟན་ཡོད་པ་རེད།

ཧ་སག་སི་ཐན་བདེན་དོན་ཚགས་པར་ཞེས་པའི་ཐོག ཆིང་ཏའོ་དབུ་ཚོགས་ཀྱིས་ཁོངས་གཏོགས་རྒྱལ་ཁབ་བར་བདེ་འཇགས་དང་མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་འགུལ་ཤུགས་གསར་པ་སྤྲད་ཡོད་པ་དང་། དེས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གནས་སའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲ་བརྟན་དུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་སྤེལ་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།