ཞི་ཅིང་ཕིང་གིས་མོང་གོལ་གྱི་ཙུང་ཐུང་པ་ཐེར་ཐུ་ལེ་དགའ་དང་མཇལ་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2018-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་སྤྱི་ཚེས་༡༠ཉིན་ཆིང་ཏོའོ་རུ་མོང་གོལ་རྒྱལ་ཁབ་ཀྱི་ཙུང་ཐུང་པ་ཐེར་ཐུ་ལེ་དགའ་དང་མཇལ་མོལ་གནང་ཡོད།

ཞི་ཅིང་ཕིང་གིས་ཀྲུང་གོ་དང་མོང་གོལ་ནི་རི་ཆུ་མཉམ་སྦྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་དང་མོལ་གོལ་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། སྐུ་ཉིད་ནས་ཙུང་ཐུང་གི་འགན་བཞེས་རྗེས་ཀྲུང་གོ་དང་མོང་གོལ་བར་གྱི་འབྲེལ་བར་མཐོང་ཆེན་གནང་གི་ཡོད་པ་དང་། ཀྲུང་གོ་དང་མོལ་གོལ་གྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་པ་ཐེངས་མང་བསྟན་མྱོང་ཡོད་པས། ངས་སྐུ་ཉིད་ཀྱི་བྱེད་སྟངས་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

ཞི་ཅིང་ཕིང་གིས། ཀྲུང་གོ་དང་མོང་གོལ་གཉིས་པོས་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་མིང་རྒྱང་ཐོག་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་འབྲེལ་བའི་ཁ་ཕྱོགས་ཡང་དག་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་དོ་ཁུར་ཆེ་བའི་གནད་དོན་འཕྲད་སྐབས་ཕན་ཚུན་བསམ་གཞིགས་དང་བརྩི་འཇོག་བྱེད་དགོས་པ་དང་། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་གི་རྣམ་པ་རྒྱུན་འཁྱོངས་དང་། ཁྱབ་ཁོངས་ཁག་དང་བང་རིམ་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱག་སྟེ། ཆབ་སྲིད་ཡིད་ཆེས་ཟབ་ཏུ་གཏོང་དགོས་པ། རང་སོའི་བཟང་ཆ་དང་ཟུང་འབྲེལ་བྱས་ཏེ་གཉིས་ཕན་མཉམ་ལས་བྱེད་དགོས་པ་དང་། རྣམ་གྲངས་ཆེ་བའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་ལ་ཐོན་པའི་ཁྲིད་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། རྒྱུད་གཅིག་ལམ་གཅིག་གི་འབོད་སྐུལ་དང་གོང་འཕེལ་ལམ་བུའི་འབོད་སྐུལ་གཉིས་སྦྲེལ་མཐུད་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་ཇེ་མགྱོགས་གཏོང་དགོས་པ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཏེ། སང་ལོར་འཚོགས་རྒྱུའི་ཀྲུང་གོ་དང་མོང་གོལ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་༧༠འཁོར་བར་དྲན་གསོ་ཞུ་བའི་སྤེལ་རེས་བྱེད་སྒོ་ཡག་པོ་གཉེར་དགོས་ཞེས་ནན་བཏོན་གནང་བ་དང་།

ཞི་ཅིང་ཕིང་གིས། མོང་གོལ་ནི་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་ཀྱི་ལྟ་ཞིབ་པའི་རྒྱལ་ཁབ་ཐོག་མ་ཡིན་པ་དང་། ཀྲུང་གོས་མོང་གོལ་གྱིས་ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་བར་གྱི་མཉམ་ལས་ཆུ་ཚད་གོང་མཐོང་གཏོང་བར་རྒྱབ་སྐྱོར་ཞུ་གི་ཡོད་ལ། ཀྲུང་གོས་མོང་གོལ་དང་། ཨུ་རུ་སུ་དང་མཉམ་དུ། ཀྲུང་གོ་དང་མོང་གོལ་ཨུ་རུ་སུ་བཅས་ཀྱི་དཔལ་འབྱོར་བར་འཁྱམས་བསྐྲུན་རྒྱུའི་འཆར་འགོད་རྩ་འཛིན་དོན་འཁྱོལ་ཡག་པོ་བྱས་ཏེ། ཕྱོགས་གསུམ་མཉམ་ལས་ལ་འཕེལ་རིམ་དེ་བས་ཆེ་བ་ཐོན་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

པ་ཐེར་ཐུ་ལེ་དགའ་ཡིས། ཀྲུང་གོའི་བར་གྱི་མཛའ་གྲོགས་འབྲེལ་བ་གོང་འཕེལ་གཏོང་རྒྱུ་དང་གཉིས་ཕན་མཉམ་ལས་ནི་མོང་གོལ་ཕྱི་འབྲེལ་གྱི་བསམ་བློ་སྔོན་ལ་གཏོང་ཡུལ་ཞིག་ཡིན། མོང་གོལ་གྱིས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པ་དང་། ཐེ་ཝན་དང་བོད་ཀྱི་གནད་དོན་ཀྲུང་གོ་རང་གི་ནང་སྲིད་ཡིན་པའི་ངོས་བཟུང་བ་དང་། གོང་ཞུས་རྩ་དོན་ལྟར་ཐེ་ཝན་དང་། བོད་དང་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་འོས་འཚམས་བྱེད་རྒྱུ། མོང་གོལ་གྱིས་ཀྲུང་གོ་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཁྱབ་ཁོངས་ཁག་གི་སྤེལ་རས་མཉམ་ལས་དམ་ཟབ་ཏུ་གཏོང་བ། དམངས་ཁྲོད་མཛའ་གྲོགས་འབྲེལ་བ་དེ་བས་ལེགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།