ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་མཛའ་གྲོགས་ལྟ་སྐོར་ཚོགས་པ་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༥པའི་ཚེས་༡༦ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་གི་ཨུ་ཡོན་ཀྲང་གཞོན་པ་ཕེའོ་ཐེ་ཁྲེང་གིས་སྣེ་ཁྲིད་པའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་མཛའ་གྲོགས་ལྟ་སྐོར་ཚོགས་པ་དང་མཇལ་འཛོམས་གནང་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུ་ཉིང་མཇལ་འཛོམས་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

ཕེའོ་ཐེ་ཁྲེང་གིས་ཐོག་མར་ཅིན་ཀྲེང་ཨེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་མཛའ་བརྩེའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་ཡོད། ཞི་ཅིན་ཕིང་གིས་ཕེའོ་ཐེ་ཁྲེང་ལ་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་ལ་ལྷག་བསམ་ཟོལ་མེད་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་རོགས་ཞུས་ཡོད་པ་རེད། ཞི་ཅིན་ཕིང་གིས། འདི་ལོའི་སྤྱི་ཟླ་༣པར་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་ཀྲུང་གོར་ལེགས་གྲུབ་ལྡན་པའི་འཚམས་འདྲི་གནང་བ་དང་། ང་རང་གིས་ཁོང་དང་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་ཞུས་ཡོད། གཟའ་འཁོར་གོང་མར་ང་རང་ནས་སླར་ཡང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་ལྷན་དུ་ཏ་ལན་དུ་ལེགས་གྲུབ་ལྡན་པའི་གྲོས་མོལ་ཞུས་ཤིང་། ཕྱོགས་གཉིས་པོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེ་རིགས་ཐད་འབྲེལ་གཏུག་གཏིང་ཟབ་ཞུས་པ་དང་། དུས་རབས་གསར་པའི་ཀྲུང་གོ་དང་བྱང་ཁོ་རེ་ཡའི་འབྲེལ་བ་གོང་འཕེལ་གཏོང་ཆེད་ཁ་ཕྱོགས་གསལ་བཏོན་ཞུས་ཡོད། ཐེངས་འདིའི་བྱང་ཁོ་རེ་ཡའི་ཏའོ་དང་གྲོང་ཁྱེར་ཚང་མའི་ཨུ་ཡོན་ཀྲང་གིས་ཐུན་མོང་ཐོག་ཚོགས་པ་བཙུགས་ནས་ཀྲུང་གོར་འཚམས་འདྲི་གནང་བ་ནི་ང་རང་དང་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་གྲོས་མོལ་ཐེངས་གཉིས་ཀྱི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱེད་ཐབས་ཤིག་ཡིན་ལ། ཏང་གཉིས་ཀྱིས་སྤེལ་བའི་གལ་ཆེའི་སྤེལ་རེས་ཤིག་ཀྱང་ཡིན་ཞིང་། ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་དང་བྱང་ཁོ་རེ་ཡའི་ཏང་ཀྲུང་དབྱང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ལ་ཤུགས་སྣོན་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་བ་མངོན་ཡོད། ཕྱོགས་གཉིས་པོས་ཐེངས་འདིའི་འཚམས་འདྲི་འདི་གོ་སྐབས་སུ་རྩིས་ནས། སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་བྱང་ཁོ་རེ་ཡའི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་ཟམ་མི་ཆད་པར་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། མིག་སྔའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད་པ་དང་། བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་གོང་འཕེལ་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་ཡོད། ང་ཚོས་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་ལེགས་བཅོས་དང་། བྱང་ཁོ་རེ་ཡ་དང་ཨ་རིའི་སྐད་ཆ་ཤོད་རེས་ལ་སྐུལ་འདེད། ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་མངོན་འགྱུར་བྱ་རྒྱུ་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། བྱང་ཁོ་རེ་ཡས་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ། ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱིས་བྱང་ཁོ་རེ་ཡའི་ཏང་དང་མི་དམངས་ཀྱི་སྣེ་ཁྲིད་ནས་རང་ངོས་ཀྱི་རྒྱལ་ཚུལ་དང་འཚམས་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། བྱང་ཁོ་རེ་ཡའི་ཕྱོགས་དང་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་འདོད་ཡོད་ལ། རྒྱལ་ཁབ་གཉིས་པོའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོར་གྱུར་བ་བྱ་རྒྱུ་ཡིན། འདིར་ཞུགས་ཏའོ་དང་གྲོང་ཁྱེར་གྱི་ཨུ་ཡོན་ཀྲང་བློ་མཐུན་རྣམ་པ་ནི་བྱང་ཁོ་རེ་ཡའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཁྱེད་ཚོས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་འགོ་ཁྲིད་འོག བྱང་ཁོ་རེ་ཡའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཁྲོད་གྲུབ་འབྲས་གསར་པ་དེ་བས་ཆེ་བ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

ཕེའོ་ཐེ་ཁྲེང་གིས། བྱང་ཁོ་རེ་ཡ་དང་ཀྲུང་གོའི་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣས་བྱང་ཁོ་རེ་ཡ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་བཏང་ནས། བསྟུད་མར་བློ་མཐུན་ལྟ་བུའི་མཛའ་བརྩེའི་ལོ་རྒྱུས་རང་བཞིན་གྱི་གྲོས་མོལ་གནང་བས། བྱང་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུ་དེ་དུས་མཚམས་གསར་པར་སླེབས་ཡོད། ད་ཐེངས་ཀྱི་བྱང་ཁོ་རེ་ཡའི་ཏའོ་དང་གྲོང་ཁྱེར་ཚང་མའི་ཨུ་ཡོན་ཀྲང་གིས་གྲུབ་པའི་མཛའ་གྲོགས་ལྟ་སྐོར་ཚོགས་པས་ཨུ་ཡོན་ཀྲང་ཅིན་ཀྲེང་ཨེན་གྱི་མངག་བཅོལ་ལྟར་ཀྲུང་གོར་འཚམས་འདྲིར་ཡོང་བའི་དམིགས་ཡུལ་ནི་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་མི་སྣའི་གལ་ཆེའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུ་དང་། ཀྲུང་གོའི་དཔལ་འབྱོར་འཛུགས་སྐྲུན་དང་བསྒྱུར་བཅོས་སྒོ་དབྱེའི་ཉམས་མྱོང་ལ་སློབ་སྦྱོང་ཞུས་ཏེ། བྱང་ཁོ་རེ་ཡའི་ཏང་གིས་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་སྔོན་ལ་དཔལ་འབྱོར་གོང་འཕེལ་གཏོང་བའི་འཐབ་ཇུས་ལམ་ཕྱོགས་གསར་པ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་དང་། ཏང་གཉིས་ཀྱི་འགོ་ཁྲིད་པ་སྐུ་ངོ་མས་ཟབ་ཏུ་བཏང་བའི་བྱང་ཁོ་རེ་ཡ་དང་ཀྲུང་གོའི་མཛའ་གྲོགས་བརྟན་དུ་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན་ཞེས་གསུངས་ཡོད་པ་རེད།

མཇལ་འཛོམས་མ་གནང་གོང་། ཞི་ཅིན་ཕིང་གིས་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་མཛའ་གྲོགས་ལྟ་སྐོར་ཚོགས་པ་དང་མཉམ་དུ་དྲན་རྟེན་སྐུ་པར་སྐྱོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།