ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་5ཚེས་16ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། སྲིད་དོན་ཞབས་ཞུ་དྲ་བ་གཅིག་ནས་གཅིག་གྱུར་གཉེར་བ་དང་། ཁེ་ལས་དང་མང་ཚོགས་ནས་དོན་དག་སྒྲུབ་སྐབས་སྒོ་གཅིག་ལས་འཛུལ་མི་དགོས་པ་དང་། མང་ཤོས་ལ་ཐེངས་གཅིག་ལས་འགྲོ་མི་དགོས་པར་སྐུལ་འདེད་གཏོང་རྒྱུ་བཀོད་སྒྲིག་བྱས་པ་དང་། རྒྱལ་ཡོངས་སུ་ཕྱི་ཕྱོགས་མ་རྩའི་ཁེ་ལས་འཛུགས་པའི་ཐོ་འགོད་སྙན་སེང་དང་བཟོ་ཚོང་ཐོ་འགོད་གཅིག་ཏུ་བྱེད་པའི་གཏན་འབེབ་བྱས་པ། དངོས་གཟུགས་དཔལ་འབྱོར་གྱི་ཟོག་འདྲེན་མ་གནས་སྔར་བས་ཆུང་དུ་གཏོང་བའི་བྱ་ཐབས་བཟུང་རྒྱུ་གཏན་འཁེལ་བྱས་ཡོད།

ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་ནང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལ་གཞིགས་ནས། ས་གནས་ཁག་དང་ཚན་པ་ཁག་གིས་དབང་ཆ་ལྷུག་གཏོང་དང་། ཟུང་སྦྲེལ་དོ་དམ། ཞབས་ཞུ་ལེགས་བཅོས་བཅས་ཀྱི་སྒྱུར་བཅོས་གཏིང་ཟབ་བྱས་ནས་མཉམ་སྦྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་སྦྲེལ་གྱི་ཐོག་ནས་མི་དམངས་ལ་སྟབས་བདེ་དང་། ཁེ་ལས་ལ་ཕན་པ་སྐྲུན་པར་དགེ་མཚན་ལྡན་པའི་ཕན་ནུས་ཐོན་ཡོད། གོམ་སྟབས་རྗེས་མར། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་བ་བྱ་རྒྱུར་གཞིགས་ཏེ། གཅིག་ནས་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར་བཅས་རིམ་པ་གསུམ་གྱི་མཉམ་སྦྲེལ་དྲ་ཐོག་སྲིད་དོན་ཞབས་ཞུའི་སྟེགས་བུ་བསྡུ་སྒྲིལ་བྱས་ཏེ། སྲིད་དོན་ཞབས་ཞུ་དྲ་སྦྲེལ་གཅིག་གྱུར་གཉེར་རྒྱུ་རྩ་དོན་དང་། མཉམ་སྦྲེལ་མི་ཐུབ་པ་རེ་གཉིས་ཡིན་པ། དྲ་ཐོག་ནས་གཉེར་རྒྱུ་རྩ་དོན་དང་། དྲ་ཐོག་ནས་སྒྲུབ་མི་ཐུབ་པ་རེ་གཉིས་ཡིན་པ་བཅས་བྱ་རྒྱུ་དང་། གཉིས་ནས་དོན་དག་སྒྲུབ་པར་ཚད་ལྡན་ཅན་དགོས་ཅིང་། ས་ཡུལ་དངོས་སུ་སྒྲུབ་པར་ཡོང་དགོས་པའི་དོན་དག་གི་དཀ་ཆག་ངེས་པར་དུ་ཁྱབ་བསྒྲགས་བྱེད་དགོས་པ་དང་། མདུན་སྟེགས་སུ་ཕྱོགས་བསྡུས་དང་ལེན་དང་། རྒྱབ་སྟེགས་ནས་རིགས་དབྱེའི་ཞིབ་མཆན་འགོད་པ། སྒེ་ཁུང་གཅིག་ནས་རྩིས་སྤྲོད་བྱ་རྒྱུ་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད། གསུམ་ནས་དོན་དག་སྒྲུབ་པའི་བརྒྱུད་རིམ་སྟབས་བདེ་རུ་གཏོང་དགོས་ཤིང་། མཉམ་སྤྱོད་ཐུབ་པའི་དཔྱད་གཞི་ཡིན་ཚེ་ཡང་སྐྱར་འདོན་སྤྲོད་ཀྱི་རེ་བ་འདོན་མི་ཆོག་པ་དང་། གློག་རྡུལ་ལག་ཁྱེར་ཕན་ཚུན་ཁས་ལེན་བྱེད་མགྱོགས་སུ་གཏོང་དགོས། བཞི་ནས་གཅིག་གྱུར་གྱི་གྲངས་གཞི་མཉམ་སྤྱོད་དང་བརྗེ་རེས་སྟེགས་བུ་བཙུགས་ནས་སྲིད་དོན་ཆ་འཕྲིན་མ་ལག་གི་བླང་བྱ་དང་མ་མཐུན་པར་རྣམ་གྲངས་གསར་པ་ཆོག་མཆན་མི་སྤྲོད་པ་དང་། གཉེར་སྐྱོང་ཉམས་གསོའི་འགྲོ་གྲོན་གཏོང་རྒྱུ་མེད། ལྔ་ནས་གྲངས་གཞིའི་བདེ་འཇགས་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་ལྟར་མི་སྒེར་གྱི་གསང་བ་སོགས་ལ་སྲུང་སྐྱོབ་བྱེད་དགོས། 2019ལོའི་ལོ་མཇུག་ལ་སླེབས་སྐབས་དྲ་ཐོག་ནས་སྒྲུབ་ཐུབ་པའི་ཞིང་ཆེན་རིམ་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་རྣམ་གྲངས་ཁག་སོ་སོར་བརྒྱ་ཆ་90དང་བརྒྱ་ཆ་70ལས་དམའ་བ་ཟིན་དགོས་པ་སྟོན་ཡོད།

ཚད་གཞི་མཐོ་བའི་ཉོ་ཚོང་དང་མ་འཇོག་རང་མོས་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་ཆེད། ཚོགས་འདུའི་ཐོག ཕྱི་ཕྱོགས་མ་རྩའི་ཁེ་ལས་འཛུགས་པའི་བརྒྱུད་རིམ་སྔར་བས་སྟབས་བདེ་རུ་བཏང་སྟེ། སྤྱི་ཟླ་6ཚེས་30ཉིན་ནས་བཟུང་། རྒྱལ་ཡོངས་སུ་ཕྱི་ཕྱོགས་མ་རྩའི་ཚོང་དོན་ཐོ་འགོད་སྙན་སེང་དང་བཟོ་ཚོང་ཐོ་འགོད་ཀྱི་རེའུ་མིག་ཆ་ཚང་གཅིག་དང་། གནས་གཅིག་ནས་སྒྲུབ་གཉེར་བྱེད་པ་ཁྱབ་གདལ་བྱས་ཏེ། ཤོག་བུ་མེད་པ་དང་། ངོ་འཕྲད་བྱེད་མི་དགོས་པ། འགྲོ་གྲོན་མི་བསྡུ་བ་བཅས་བྱེད་ཐུབ་པ་བྱས་ནས་དོན་དག་སྒྲུབ་པའི་དུས་ཚོད་ཐུང་དུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་དང་། དངུལ་ཁང་དང་། འགག་སྒོ ཁྲལ་དོན། ཕྱི་དངུལ་སོགས་པའི་ཕྱི་ཕྱོགས་མ་རྩའི་ཁེ་ལས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཉམ་སྤྱོད་དང་། མཉམ་འགུལ་དོ་དམ་བྱ་རྒྱུའི་གཏན་འབེབ་བྱས་ཡོད།

ཟོག་འདྲེན་གྱི་མ་གནས་ཆུང་དུ་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད། ཚོགས་འདུའི་ཐོག གཅིག་ནས་2018ལོའི་སྤྱི་ཟླ་5ཚེས་1ཉིན་ནས་2019ལོའི་སྤྱི་ཟླ་12ཚེས་31ཉིན་བར་ཟོག་འདྲེན་ཁེ་ལས་ཀྱི་བོགས་མར་བླངས་པའི་ཚོང་ཟོག་གསོག་ཉར་སྒྲིག་ཆས་འཇོག་གནས་ལ་གྲོང་ཁྱེར་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་རིན་པ་ཕྱེད་ཀ་བཅོག་རྒྱུ་ཡིན་པ་དང་། ད་ལོའི་སྤྱི་ཟླ་7ཚེས་1ཉིན་ནས་2021ལོའི་སྤྱི་ཟླ་6ཚེས་30ཉིན་བར། འདྲུད་སྒྲོམ་རླངས་འཁོར་ལ་ཉོ་སྒྲུབ་དཔྱད་ཁྲལ་ཕྱེད་ཀ་བཅོག་རྒྱུ་ཡིན། གཉིས་ནས་ད་ལོའི་ལོ་མཇུག་གོང་། ཟོག་འདྲེན་རླངས་འཁོར་གྱི་ལོ་རེའི་ཞིབ་བཤེར་དང་། བརྟག་དཔྱད། འབུད་གཏོང་ཞིབ་བཤེར་བཅས་གསུམ་གཅིག་ཏུ་བསྡུ་རྒྱུ་ཡིན་པ་དང་། ཞིང་ཆེན་བརྒལ་ནས་ས་ཆ་གཞན་དུ་ཞིབ་བཤེར་བྱ་རྒྱུ་ཁྱབ་གདལ་བྱ་རྒྱུ་ཡིན་པ་རེད།

ཟོག་འདྲེན་རླངས་འཁོར་གྱི་ཆོག་འཐུས་ལག་ཁྱེར་མཁོ་བསྡུ་བྱས་ཏེ། ཀྲོན་4.5མན་དང་སྤྱིར་བཏང་ཟོག་འདྲེན་རླངས་འཁོར་གྱི་ལས་ཞུགས་ཐོབ་ཐང་ལག་འཁྱེར་དང་རླངས་འཁོར་གཉེར་སྐྱོང་ལག་འཁྱེར་མེད་པ་བཟོ་རྒྱུ་ཡིན་པ་དང་། ཟོག་འདྲེན་རླངས་འཁོར་གྱི་འཁོར་སྒྲོམ་ཁ་སྣོན་བྱེད་པའི་རྒྱལ་ཁབ་ཀྱི་ཚད་གཞི་འདོན་པ་དང་། དོ་དམ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད། གསུམ་ནས་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་བར་མཚམས་ཀྱི་འགྲོ་གྲོན་བསྡུ་ས་མེད་པར་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། གོང་གསལ་གྱི་བྱ་ཐབས་དེ་དག་ལག་བསྟར་བྱས་པའི་ཐོག འཕར་སྣོན་དཔྱ་ཁྲལ་གྱི་ཁྲལ་བབ་ལེགས་སྒྲིག་བྱས་རྗེས་ལྕགས་ལམ་དབོར་འདྲེན་གྱི་རིན་པ་དེ་མཚུངས་ཀྱིས་ཆག་གི་ཡོད་པས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཟོག་འདྲེན་མ་གནས་སྒོར་དུང་ཕྱུར་120ཙམ་ཆག་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན།