ཞི་ཅིན་ཕིང་གིས་ཧའེ་ནན་རུ་རྟོག་ཞིབ་གནང་སྐབས་དེ་བས་མཐོ་བའི་གནས་བབ་དང་མཐོང་རྒྱ་དེ་བས་ཆེ་བའི་སྒོ་ནས་བསྒྱུར་བཅོས་སྒོ་འབྱེད་བྱེད་རྒྱུ་དང་། དམ་པ་དོན་གཉེར་གྱིས་མཛེས་སྡུག་ལྡན་པའི་ཧའེ་ནན་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་ནན་གསུངས་གནང་བ།
སྤེལ་བའི་དུས་ཚོད། : 2018-04-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་རུ་རྟོག་ཞིབ་གནང་སྐབས་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་སྐུལ་འདེད་གཏོང་རྒྱུར་མཐུན་སྦྱོར་བྱེད་པ། དེ་བས་མཐོ་བའི་གནས་བབ་དང་མཐོང་རྒྱ་དེ་བས་ཆེ་བ། དེ་བས་ཆེ་བའི་ཤུགས་ཚད་ཀྱིས་སྒོ་ནས་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་དང་འཆར་འགོད་བྱས་ཐོག སྣོད་བཅུད་ཁོར་ཡུག་དང་དཔལ་འབྱོར་དམིགས་བསལ་ཁུལ། རྒྱལ་སྤྱིའི་ཡུལ་སྐོར་གླིང་ཕྲན་བཅས་ཀྱི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་། དམ་པ་དོན་གཉེར་གྱིས་མཛེས་སྡུག་ལྡན་འི་ཧའེ་ནན་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

སྤྱི་ཟླ་བཞི་པའི་ཆུང་ཀྲོའུ་ས་གཞི་ཆེན་མོར་གང་ས་གང་དུ་སྐྱེ་སྟོབས་ཀྱི་དཔལ་ཡོན་རབ་ཏུ་རྒྱས། སྤྱི་ཚེས་༡༡ཉིན་ནས་༡༣ཉིན་བར་ཞི་ཅིན་ཕིང་པའོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༨ལོའི་ལོ་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཞུགས་གནང་རྗེས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཧའེ་ནན་ཞིང་ཆེན་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཚེ་ཀུའེ། ཞིང་ཆེན་གྱི་འགོ་འཛིན་ཧྲེན་ཞའོ་མིང་གི་ཕེབས་རོགས་འོག་ལ་སྔ་རྗེས་སུ་ཆུང་ཧའེ་དང་སན་ཡ། ཧའེ་ཁོའུ་སོགས་ས་ཆར་ཕེབས་ནས་གྲོང་གསེབ་དང་ཚན་ཞིབ་ལས་ཁུངས། སྲིད་དོན་ལྟེ་གནས་བཅས་སུ་གཟབ་ཞུགས་གནང་སྟེ། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

སྤྱི་ཚེས་༡༡ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་སྔོན་ལ་པའོ་ཨའོ་རྫོགས་ལྡན་རྒྱལ་སྤྱིའི་སྨན་བཅོས་ཡུལ་སྐོར་སྔོན་འགྲོའི་ཁུལ་གྱི་འཆར་འགོད་ཁང་དུ་ཕེབས་ནས་བྱེད་ནུས་ངེས་གནས་གཏན་ཐིག་དང་འཆར་འགོད་ཐད་མཁྱེན་རྟོགས་གནང་བ་དང་རྒྱལ་ཐོན་ཁབ་ལེན་ཚོད་འཛིན་སྤྱིན་ཤུབས་ཕོ་ཤེལ་འཕྲུལ་ཆས་མི་སོགས་སྔོན་ཐོན་སྨན་བཅོས་སྒྲིག་ཆས་ལ་གཟིགས་ཞིབ་གནང་བ་མ་ཟད། སྨན་བཅོས་རིགས་གཅིག་མཁས་པ་ཚོ་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་རེད། ཁོང་གིས་བདེ་ཐང་གི་བྱ་གཞག་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ་དང་རྒྱ་ཆེའི་མང་ཚོགས་ལ་ཞབས་འདེགས་ཞུ་དགོས། ལོ་བརྒྱ་བྱས་པ་གཉིས་ཀྱི་འབད་ཐབས་དམིགས་འབེན་མངོན་འགྱར་བྱེད་དགོས་ན། ངེས་པར་དུ་མི་དམངས་ཀྱི་ལྟེ་བ་བྱེད་པའི་གོང་འཕེལ་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་ཚང་མ་བདེ་ཐང་དང་ཁ་བྲལ་ཐབས་མེད། དེས་ན་བདེ་ཐང་གི་བྱ་གཞག་ཡག་པོ་གཉེར་དགོས་ཞེས་ནན་གསུང་གནང་བ་རེད།

སྤྱི་ཚེས་༡༢ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་སན་ཡ་གྲོང་ཁྱེར་གྱི་ཀྲུང་གོ་ཚན་རིག་ཁང་གི་རྒྱ་མཚོ་གཏིང་ཟབ་ཚན་རིག་དང་ལས་གྲྭའི་ཞིབ་འཇུག་ཁང་དུ་ཕེབས་པ་དང་། ཚན་རྩལ་མི་སྣ་དང་རྟོག་ཞིབ་ཚན་རྩལ་གསར་གཏོད་གནས་ཚུལ་ལ་གཟིགས་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་རྒྱ་མཚོའི་གཏིང་ཟབ་ཚན་རིག་ཞིབ་འཇུག་དང་འཚོལ་ཞིབ་ཐིག་ལེན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་ཞུས་པར་ཞིབ་ཚགས་ངང་གསན་གནང་བ་མ་ཟད་རྒྱ་མཚོའི་གཏིང་ཟབ་དང་གཏིང་ཟབ་ཁ་གཡེང་གི་ལག་རྩལ་མཐོ་བའི་སྒྲིག་ཆས་ལ་གཟིགས་གནང་བ་རེད། རྒྱ་མཚོ་གཏིང་ཟབ་དཔལ་རྒོད་རྟགས་ཅན་གྱི་མི་བླུགས་ཆུ་འཛུལ་འཕྲུལ་ཆས་ཀྱི་སྤྱིའི་ཇུས་འགོད་པ་ཧུའུ་ཀྲེན་དང་ཆུ་འཛུལ་མི་སྣ་བསྡུས་འོང་བས་སྤྱི་ཁྱབ་ཧྲུའུ་ཅིས་ཁོང་ཚོ་རེ་རེ་དང་ཕྱག་གཏོང་གནང་མཛད་པ་དང་ཁོང་ཚོར་རྒྱ་མཚོའི་གཏིང་ཟབ་ཆུ་འཛུལ་གྱི་མྱོང་ཚོར་དང་སྒྲིག་ཆས་ཞིབ་བཟོ་གསར་སྤེལ་དང་ཚོད་ལྟའི་གནས་ཚུལ་ཐད་བཀའ་འདྲི་གནང་བ་རེད།

ཞི་ཅིན་ཕིང་གིས་རང་རྒྱལ་ནི་རྒྱ་མཚོའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་མཚོ་ངོས་ཀྱི་རྒྱ་ཁྱོན་ཧ་ཅང་ཡངས་ཤིང་རྒྱ་ཆེན་པོ་ཡོད། ངེས་པར་དུ་ཆུ་གཏེར་དཔུང་འཇུག་བྱས་ཏེ་རྒྱ་མཚོའི་སྟོབས་ཆེན་རྒྱལ་ཁབ་ཏུ་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། ཧའེ་ནན་ནི་རྒྱ་མཚོའི་གཏིང་ཟབ་ཞིབ་འཇུག་གསར་སྤེལ་དང་ཚོད་ལྟ་བྱེད་ཡུལ་གྱི་རང་བྱུང་གི་གནས་ཡག་ཤོས་དེ་ཡིན། ངེས་པར་དུ་ཐོན་ཁུངས་ཀྱི་བཟང་ཆ་འདི་བེད་གང་ལེགས་སྤྱད་དེ་གསར་གཏོད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྒྱ་མཚོའི་གཏིང་ཟབ་ཀྱི་གསར་སྤེལ་རྟེན་གཞི་གང་མགྱོགས་གཏོད་པ། རྒྱ་མཚོའི་གཏིང་ཟབ་ཀྱི་ཚན་རྩལ་བྱ་གཞག་གང་མགྱོགས་གོང་འཕེལ་གཏོང་བ་བཅས་ཀྱིས་རང་རྒྱལ་རྒྱ་མཚོའི་ཚན་རྩལ་ཁྱོན་ཡོངས་ནས་གོང་འཕེལ་ཡོང་བར་སྐུལ་དེད་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཚན་ཞིབ་མི་སྣས་མེས་རྒྱལ་ཚན་རྩལ་ཞིབ་འཇུག་གོང་འཕེལ་གྱི་བྱ་གཞག་ཐད་ལེགས་སྐྱེས་འབུལ་རྒྱུར་སྐུལ་ལྕག་གནང་བ་དང་། འབད་བརྩོན་ཆེན་པོས་ཚན་རྩལ་གོང་འཕེལ་གྱི་མཐོ་གནོན་བཙན་ས་མྱུར་དུ་བཟུང་ནས་དེ་བས་མང་ལ་དེ་བས་ལེགས་པའི་གྲུབ་འབྲས་ཞིབ་འཇུག་བྱེད་རྒྱུ་དང་ཚན་ཞིབ་དང་དོན་དངོས་གཉིས་བལྟོས་བཅས་ཀྱི་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་རྒྱལ་ཁབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་ཆེད་དེ་བས་ཆེ་བའི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

དེ་རྗེས་ཞི་ཅིན་ཕིང་གིས་དྲོད་ཚད་ཧྲ་ཧྲེའི་ཏུའུ་༣༠ཡི་ཚ་ཚད་མཐོ་པོར་ཐུགས་འཛེམས་མ་གནང་བར་རྒྱལ་ཁབ་ཧའེ་ནན་གསོ་སྤེལ་ཚན་ཞིབ་རྟེན་གཞིར་ཕེབས་གནང་བ་རེད། ཞི་ཅིན་ཕིང་གིས་ས་ཞིང་རྣང་མ་རྒྱུད་དེ་རིམ་འདས་ཕུལ་བྱུང་སྟོང་ཕྲག་རྟགས་ཅན་གྱི་རིམ་འདས་ཆུ་འབྲས་དཔེ་སྟོན་ཞིང་ནང་དུ་ཕེབས་པ་དང་། ཆུ་འབྲས་ཀྱི་བཟང་ཆར་གཟིགས་ཞིབ་གནང་ཐོག ཡོན་ཧྲེ་ཡོན་ལུང་ཕིང་སོགས་ཞིང་ལས་ཚན་རྩལ་མི་སྣ་དང་མཛའ་བརྩེའི་ངང་སྤེལ་རེས་གནང་བ་དང་། ཆུ་འབྲས་གསོ་སྤེལ་འདེབས་འཛུགས་ཐོན་ལས་གོང་འཕེལ་དང་ཁྱབ་གདལ་གཏོང་བིའི་གནས་ཚུལ་ཐད་མཁྱེན་རྟོགས་གནང་བ་རེད། རང་རྒྱལ་ཚན་ཞིབ་མི་སྣས་གསོ་སྤེལ་བྱས་པའི་རིམ་འདས་རྒྱུད་འདྲེས་ཆུ་འབྲས་སྣ་རིགས་ཀྱི་འཛམ་གླིང་ཆུ་འབྲས་ཀྱི་ཐོན་ཚད་རྐྱང་པའི་ལོ་རྒྱུས་ཀྱི་ཟིན་ཟོ་གསར་པ་ཡང་སེ་གཏོད་པའི་སྐོར་གསན་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཁོང་གིས། མི་འབོར་དུང་ཕྱུར་བཅུ་གྲངས་ལྷག་གི་ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱེད་རྒྱུ་འདི་ནི་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་ཆེ་ཤོས་དེ་ཡིན། གསོན་བཟང་གིས་འབྲུ་རིགས་ཐོན་འབོར་ལ་སྐུལ་འདེད་གཏོང་རྒྱུའི་ཐད་འགག་རྩའི་ནུས་པ་གལ་ཆེན་ཐོན་ཡོད། སེམས་ཐག་ཆོད་པོས་རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་ཡག་པོ་གཉེར་དགོས་པ་དང་། རང་བདག་ཤེས་བྱའི་ཐོན་དབང་གི་ཕུལ་བྱུང་སྣ་རིགས་གསོ་སྤེལ་དམ་འཛིན་བྱེད་དགོས་པ་དང་འབྱུང་རྩ་ནས་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

སྤྱི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ཧའེ་ཁའུ་གྲོང་ཁྱེར་དུ་གནས་པའི་ཧའེ་ནན་ཞིང་ཆེན་དངོས་མང་བཤམས་མཛོད་ཁང་དུ་ཕེབས་ནས་ཧའེ་ནན་ཞིང་ཆེན་གྱིས་དཔལ་འབྱོར་དམིགས་གསལ་ཁུལ་བཙུགས་ཚུན་གྱི་ལོ་ངོ་སུམ་ཅུའི་གོང་འཕེལ་གྲུབ་འབྲས་ལ་གཟིགས་ཞིབ་གནང་ཡོད། ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་ཞོར་དུ་ཧའེ་ནན་ཞིང་ཆེན་དབུ་བརྙེས་ཚུན་གྱི་གོང་འཕེལ་ལོ་རྒྱུས་ལ་མཁྱེན་རྟོགས་ཞིང་ཕྲ་གནང་ཡོད། ཁོང་གིས་ཏང་ཀྲུང་དབྱང་གི་ཐབ་འཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ནི་ཁ་ནས་བཤད་པ་ཙམ་མ་ཡིན་པར་ས་གནས་དེ་གའི་དོན་དངོས་ད་ཟུང་འབྲེལ་གྱིས་རྟོག་ཞིབ་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་གི་དགོངས་དོན་དང་འཚམས་པའི་ཞིབ་ཕྲའི་བྱ་ཐབས་ཤིག་གྲུབ་པ་བྱེད་རྒྱུ་དེ་རེད་ཅེས་ནན་གསུང་གནང་ཡོད། ཁོང་གིས་ཚང་མར། ཧའེ་ནན་ཞིང་ཆེན་གྱིས་དཔལ་འབྱོར་དམིགས་གསལ་ཁུལ་བཙུགས་ཚུན་གྱི་ལོ་ངོ་སུམ་ཅུའི་རིང་། གོང་འཕེལ་འགྲོ་འགོར་བའི་མཐའ་མཚམས་གླིང་ཕྲན་ཆུང་ངུ་ཞིག་ནས་རང་རྒྱལ་གྱི་དཔལ་འབྱོར་དམིགས་གསལ་ཁུལ་ཆེ་ཤོས་དང་རྒྱལ་ཁབ་ཕྱི་ནང་ལ་སྐད་གྲགས་ཆོད་པའི་རྒྱལ་སྤྱིའི་ཡུལ་སྐོར་གནས་མཆོག་ཅིག་གི་བར་འཕོ་འགྱུར་བྱུང་ཞིང་། བསྒྱུར་བཅོས་སྒོ་དབྱེ་ལ་འགག་གཏོར་ཆེན་པོ་བྱུང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་རླབས་ཆེའི་གྲུབ་འབྲས་ཐོབ་པ་དེའི་ཐོག་ནས་ཏང་ཀྲུང་དབྱང་གིས་ཧའེ་ནན་ཞིང་ཆེན་དུ་དཔལ་འབྱོར་དམིགས་གསལ་ཁུལ་འཛུགས་པའི་འཐབ་ཇུས་བཀོད་སྒྲིག་ནི་ཡང་དག་ཅིག་ཡིན་པ་ར་སྤྲོད་ཐུབ་ཡོད། ད་ལོ་ནི་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་བཞི་བཅུ་འཁོར་བའི་ལོ་ཞིག་རེད། ང་ཚོས་ཉམས་མྱོང་ཕྱོགས་སྡོམ་དང་། དུན་བསྟུན་མདུན་བསྐྱོད་ཀྱིས་འགོ་འཛུགས་ས་གསར་པའི་ཐོག་བསྒྱུར་བཅོས་སྒོ་དབྱེ་ལ་འགག་གཏོར་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཧའེ་ནན་ཞིང་ཆེན་གྱིས་ཀྱང་ས་ཁམས་ཀྱི་བཟང་ཆ་དང་ཐོན་ཁུངས་བཟང་ཆ། སྣོད་བཅུད་ཀྱི་བཟང་ཆ། སྲིད་ཇུས་བཟང་ཆ་བཅས་བེད་སྤྱོད་གང་ལེགས་བྱས་ནས་སྒྲིག་གཞི་སྒྲིག་སྲོལ་གསར་གཏོད་དང་གོང་འཕེལ་གྱི་བསམ་ཕྱོགས་གསར་གཏོད་ཐད་འབད་བརྩོན་མང་ཙམ་བྱས་ཏེ་མཛེས་སྡུག་ལྡན་པའི་ཧའེ་ནན་གྱི་ལེའུ་གསར་པ་རྩོམ་དགོས་ཞེས་གསུངས་ཡོད།

དངོས་མང་བཤམས་མཛོད་ཁང་གི་སྣོད་བཅུད་འཛུགས་སྐྲུན་འགྲེམས་ཁང་དུ་ཧའེ་ནན་ཞིང་ཆེན་གྱིས་སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་དང་། སྣོད་བཅུད་ལ་བརྟེན་ནས་ཞིང་ཆེན་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱས་པའི་ གྲུབ་འབྲས་མངོན་པར་བྱས་ཡོད། ཞི་ཅིན་ཕིང་གིས་ང་ཚོའི་ཏང་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ལོ་རྒྱུས་རང་བཞིན་གྱི་ལེགས་སྐྱེས་ཤིག་རེད་ཅེས་སྟོན་ཡོད། སྔོ་ལྗང་རི་ཆུ་དང་མཚོ་མོ་དྭངས་ཤིང་ནམ་མཁའ་སྔོ་བ་དེ་ནི་ཧའེ་ནན་གྱི་བཟང་ཆ་ཆེ་ཤོས་དང་མ་གནའ་ཆེ་ཤོས་དེ་ཡིན། དེ་ནི་ཉོས་ཀྱང་ཉོ་མི་ཐུབ་པ་དང་གཡར་རུང་གཡར་མི་ཐུབ་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས། དེར་གཏོར་སྐྱོན་བཏང་ན་སླར་གསོ་བྱེད་ཐབས་བྲལ་ཡོད། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཧའེ་ནན་གོང་འཕེལ་གཏོང་བའི་གཞི་རྐང་འཛུགས་སར་བརྩི་དགོས་པ་དང་། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་སྤྲད་བྱས་པ་བཞིན་མཚོ་ཐོག་གི་གླིང་ཕྲན་དེ་དང་དེའི་དྭངས་ཤིང་གཙང་བའི་མཚོ་ཆུར་སྲུང་སྐྱོབ་བྱེད་དགོས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་གྲུབ་འབྲས་དེ་བས་ཆེ་བ་ལེན་དགོས་ཞེས་གསུངས་ཡོད།

དངོས་མང་བཤམས་མཛོད་ཁང་ནས་ཞལ་གྱེས་སྐབས། ཞི་ཅིན་ཕིང་གིས་རླངས་འཁོར་ལ་བཞུགས་ཏེ་ཧའེ་ནན་ཞིང་ཆེན་གྱི་སྲིད་དོན་གྲངས་གཞི་ལྟེ་གནས་སུ་ཕེབས་ཡོད། ཁོང་གིས་ཧའེ་ནན་ཞིང་ཆེན་གྱི་ཆ་འཕྲིན་ཅན་གྱི་འཛུགས་སྐྱོང་ལས་དོན་ལ་གདེང་འཇོག་གནང་བ་དང་། སྲིད་གཞུང་གི་གྲངས་གཞི་ཆེན་མོའི་སྟེགས་བུ་གཏོད་རྒྱུ་དེ་ནི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་ཁ་ཚ་དགོས་གཏུག་གི་རེ་བ་ཞིག་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཉམ་འབྲེལ་དྲ་བརྒྱུའི་འདུ་ཤེས་ཤུགས་ཆེར་གཏོང་བ་དང་། མཉམ་འབྲེལ་དྲ་བརྒྱའི་བཟང་ཆ་བེད་སྤྱོད་བྱེད་མཁས་པ་བྱས་ཏེ་མཉམ་བསྲེས་དང་། མཉམ་སྤྱོད། སྟབས་བདེ། བདེ་འཇགས་བཅས་ཀྱི་ཐད་འབད་བརྩོན་བྱེད་དགོས་པ་དང་། སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཚན་རིག་དང་མཐུན་པ་དང་། སྤྱི་ཚོགས་བཅོས་སྐྱོང་བྱ་རྒྱུ་ཞིབ་ཚགས་ཅན་དུ་གཏོང་བ། སྤྱི་པའི་ཞབས་ཞུ་ནུས་མཐོ་ཅན་དུ་གཏོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཆའཕྲིན་ཅན་གྱི་བྱ་ཐབས་སྤྱད་དེ་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་ལ་ཤེས་རྟོགས་དང་། སྤེལ་རེས་ཐབས་ལམ་མང་དུ་གཏོང་བ། འཇབ་ཇུས་བཀོད་སྒྲིག་ལག་ལེན་བསྟར་རྒྱུར་རོགས་རམ་བྱེད་པ། ་མང་ཚོགས་ནས་ལས་དོན་བསྒྲུབ་རྒྱུར་སྟབས་བདེ་སྐྲུན་པ་བཅས་ཀྱི་ཐད་སེམས་ནང་འདེང་ཚོད་ཡོད་པ་བྱེད་དགོས་གསུངས་ཡོད།

ཉིན་དགུང་། ཞི་ཅིན་ཕིང་ནས་ཚ་བ་ཁྱད་དུ་བསད་དེ་ཧའེ་ཁའུ་གྲོང་ཁྱེར་ཤེའུ་དབྱིང་ཁུལ་ཧྲེ་ཧྲན་གྲོང་རྡལ་གྱི་ཧྲེ་ཁྲ་གྲོང་ཚོར་ཕེབས་ཏེ། ཞིང་པ་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། ཤང་གྲོང་དར་རྒྱས་འཐབ་ཇུས་ལག་ལེན་བསྟར་ཚུལ་ལ་རྟོག་ཞིབ་གནང་ཡོད། གྲོང་ཚོའི་ཚོགས་ཁང་ནང་དུ་ཞི་ཅིན་ཕིང་ནས་གྲོང་མིས་ངོ་སྤྲོད་བྱས་པར་གཟབ་ནན་གསན་གནང་བ་མ་ཟད་ད་དུང་བཀའ་འདྲི་ཡང་སེ་གནང་ཡོད། གྲོང་ཚོ་འདིས་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱས་ཐོག གྲོང་མི་སྐུལ་ཁྲིད་ཀྱིས་ཞིང་ལས་ཐོན་ལས་གོང་འཕེལ་དང་། ཞིང་པའི་ཡོང་འབབ་འཕར་སྣོན། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོབ་བཅས་བྱས་པ་དང་། ཡུལ་བབ་དང་བསྟུན་ནས་ཁེ་ལས་དང་མཉམ་ལས་ཁང་། ཞིང་དུད་བཅས་ཀྱི་གསུམ་སྣོན་ཕྱུག་འགྱུར་ལམ་བུ་གཏོད་པའི་ཐད་གདེང་འཇོག་གང་ལེགས་གནང་ཡོད། དེ་རྗེས། ཞི་ཅིན་ཕིང་པུ་ཤེལ་ཙེ་གླིང་ཁུལ་དུ་ཕེབས་པ་དང་། ཁོང་ནས་གཟིགས་ཞིབ་གནང་ཞོར་དུ་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིས་པུ་ཤེལ་ཙེ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་བྱས་པ་དང་། རིག་ནུས་ཅན་གྱི་ཆུ་གཏོར་མ་ལག ཆུ་དང་ལུད་གཞི་གཅིག་ཏུ་འདྲེས་པའི་མ་ལག་འཁོར་རྒྱུགས་བྱེད་ཚུལ་སོགས་ངོ་སྤྲོད་གནང་བར་གསན་ཡོད། གླིང་ཁུལ་ནང་ཁུལ་དུ་ལས་ཀ་བྱེད་བཞིན་པའི་གྲོང་མི་དེ་གར་རུབ་ཡོང་དེ་དགའ་ཚོར་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཕྱག་བཏང་ཡོད་པ་རེད།

གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར། ཁྱིམ་གྱི་སྒོ་རྩར་པུ་ཤེལ་རྩེའི་གླིང་ཁུལ་ཡོད་པས་ཕྱིར་ཞོར་ལས་གསོག་པར་འགྲོ་མཁན་གྱི་གྲོང་མི་ཚང་མ་ལོག་སླེབས་ཡོད། ད་དུང་ཟླ་རེར་གླ་ཕོག་རེ་སྤྲོད་ཀྱི་ཡོད་ལ། ལོ་མཇུག་ཏུ་ས་ཆའི་མ་རྐང་གི་ཁེ་སྤོབས་བགོ་རྒྱུ་ཡོད་པས་འཚོ་བ་ཉིན་ལས་ཉིན་རེ་ཡག་པ་འདུག་ཅེས་བཤད་ཡོད། ཞི་ཅིན་ཕིང་གིས། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཟིན་པ་བྱེད་པར་གྲོང་ཁྱེར་དང་གྲོང་གསེབ་གཉི་ཀ་གོང་འཕེལ་ཡག་པོ་ཡོང་བ་བྱེད་དགོས། ཞིང་པ་མང་ཚོགས་ནས་ས་གནས་དེ་གའི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར། སྒོ་རའི་དཔལ་འབྱོར་བཅས་གོང་འཕེལ་གཏོང་རྒྱུར་སྐུལ་མ་དང་ཟུར་སྐྱོར་བྱས་ཏེ་ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྣམས་ཞིང་པ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་སྐྱོད་པའི་སྲོག་རྩར་འགྱུར་བ་བྱེད་དགོས་ཞེས་ནན་གསུང་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་ཚེ་རིང་།