ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉ་ཀྲེན་གཡིས་རུང་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་བཅུ་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོར་ལྷོ་ཁོ་རེ་ཡའི་ཙུང་ཐུང་གི་ཆེད་བསྐོས་ཕོ་ཉ། རྒྱལ་ཁབ་བདེ་སྲུང་ཁང་དཔོན་ཀྲེན་གཡིས་རུང་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས། ཙུང་ཐུང་ཝན་ཙའེ་ཡན་གྱི་ཆེད་བསྐོས་ཕོ་ཉ་ཡིན་པའི་སྐུ་ཞབས་ཁྱེད་རང་ ནས་བྱང་ཁོ་རེ་ཡར་འཚམས་འདྲི་ཞུས་པ་དང་། ཨ་རིར་བྱང་ཁོ་རེ་ཡ་དང་ཨ་རིའི་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བར་ཕེབས་པའི་སྐོར་ཆེད་མངགས་བརྡ་ཁྱབ་གནང་བར་ཕེབས་པར། ཀྲུང་གོ་ཕྱོགས་ནས་བསྔགས་བརྗོད་ཞུ་བཞིན་ཡོད། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཁྱིམ་མཚེས་ཤིག་ཡིན་པའི་ཆ་ནས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱེད་གླིང་ཕྲན་གྱི་ལྷོ་བྱང་གཉིས་བར་གྱི་འབྲེལ་བ་ལེགས་བཅོས་ལ་རྒྱབ་སྐྱོར་དང་། ཞི་འདུམ་མཉམ་ལས་ལ་སྐུལ་འདེད། ཨ་རི་དང་བྱང་ཁོ་རེ་ཡའི་འབྲེལ་གཏུགས་གླེང་མོལ་དང་། ཕྱོགས་སོ་སོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱེད་གླིང་ཕྲན་རྡུལ་སྙིང་མེད་པ་ཅན་དུ་འགྱུར་བ་དང་། དམག་དང་ཟིང་འཁྲུག་མི་ལངས་པ་བྱ་རྒྱུ་ནི་ཀྲུང་གོའི་ཐོག་མཐའ་བར་གསུམ་གྱི་ལང་ཕྱོགས་རེད། མིག་སྔར་ཕྱེད་གླིང་ཕྲན་གྱི་དུས་བབ་ཐད་ཞི་ལྷོད་དུ་འགྱུར་བ་དང་སྐད་ཆ་ཤོད་རེས་བྱེད་པའི་གོ་སྐབས་གལ་ཆེན་འཕྲད་ཡོད། ཀྲུང་གོས་ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་དེའི་འབད་བརྩོན་བྱས་པར་གདེང་འཇོག་ཡག་པོ་བྱེད་ཀྱི་ཡོད་ལ། ལྷོ་ཁོ་རེ་ཡ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འབྲེལ་ཡོད་ལས་དོན་སྔར་ལས་ལྷག་པ་སྒྲུབ་རྒྱུ་དང་། ཀྲུང་གོའི་ལམ་གཉིས་མཉམ་འགྲིམ་གྱི་རིག་ལམ་དང་དེ་བཞིན་ཕྱོགས་ཁག་གི་གྲོས་འགོ་ཡག་པོ་དང་ཟུང་འབྲེལ་གྱིས། ཕྱེད་གླིང་ཕྲན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད། ཆབས་ཅིག ཕྱོགས་ཁག་གིས་ངང་རྒྱུད་རིང་པོ་དང་གཟབ་གཟབ་བྱས་ནས། ཆབ་སྲིད་ཀྱི་བློ་གྲོས་བཏོན་ཐོག བསྐྱར་གྲོས་འཕེལ་རིམ་ནང་གི་གནད་དོན་དང་བཀག་རྒྱ་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཐག་གཅོད་ཡག་པོ་བྱེད་དགོས། ང་ཚོས་ལྷོ་བྱང་འགོ་གཙོའི་ཐུག་འཕྲད་དང་བྱང་ཁོ་རེ་ཡ་དང་ཨ་རིའི་སྐད་ཆ་ཤོད་རེས་བདེ་བླག་ངང་བྱ་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ལ། ཕྱེད་གླིང་ཕྲན་རྡུལ་སྙིང་མེད་པ་ཅན་དུ་འགྱུར་བ་བྱེད་པའི་འཕེལ་རིམ་དང་ཕན་ཚུན་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བ་བྱེད་པའི་ཐད་དོན་ངོ་མའི་གྲུབ་འབྲས་ཐོན་རེ་བྱེད་བཞིན་ཡོད། ཕྱོགས་ཁག་ནས་ཕྱེད་གླིང་ཕྲན་དུ་རྡུལ་སྙིང་མེད་པ་བྱེད་པ་དང་དེ་བཞིན་ཞི་བདེ་བརྟན་ལྷིང་གི་རྩ་བའི་དམིགས་འབེན་ལ་དམ་པོར་གཞིགས་ན། ཕྱེད་གླིང་ཕྲན་དུ་གངས་འཁྱག་བཞུར་ནས་རྩྭ་རྩེ་ཤིང་གི་མྱུ་གུ་འབུས་ཤིང་མེ་ཏོག་བཞད་པའི་དུས་ཤིག་ཤར་ངེས་རེད་ཅེས་གསུངས་འདུག

ཀྲེན་གཡིས་རུང་གིས་ཙུང་ཐུང་ཝན་ཙའེ་ཡན་གྱིས་ཞི་ཅིན་ཕིང་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་གནང་བ་དང་། ཙུང་ཐུང་ཝན་ཙའེ་ཡན་གྱིས་ན་ནིང་ཀྲུང་གོར་འཚམས་འདྲི་གནང་བ་ཡིད་བཞིན་ལེགས་གྲུབ་བྱུང་བ་དང་། ལྷོ་ཁོ་རེ་ཡ་ཕྱོགས་ནས་ཀྲུང་གོ་དང་ལྷན་དུ་འབད་བརྩོན་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་འདོད་ཡོད། མིག་སྔར་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ལ་འགྱུར་བ་ཡག་པོ་འགྲོ་བཞིན་ཡོད། ཀྲུང་གོ་ཕྱོགས་ནས་དེའི་ཐད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཕྱེད་གླིང་ཕྲན་དུ་རྡུལ་སྙིང་མེད་པ་བྱེད་པའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ་དང་། ཞི་བའི་ཐོག་ནས་བྱང་ཁོ་རེ་ཡའི་རྡུལ་སྙིང་གནད་དོན་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཕྱེད་གླིང་ཕྲན་གྱི་ལྷོ་བྱང་བར་སྐད་ཆ་ཤོད་རེས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཨ་རི་དང་བྱང་ཁོ་རེ་ཡས་ཐད་ཀར་སྐད་ཆ་ཤོད་རེས་བྱ་དགོས་པའི་འདོད་ཚུལ་འཛིན་པ། ལྷོ་བྱང་འབྲེལ་བ་གལ་ཆེའི་གོམ་གང་མདུན་དུ་སྤོ་རྒྱུར་སྐུལ་འདེད་བཏང་བ། དེ་དག་གིས་རྐྱེན་པས་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་ཐད་འཕེལ་རིམ་ཡག་པོ་ཐོན་ཡོད། ལྷོ་ཁོ་རེ་ཡས་ཀྲུང་གོ་ཕྱོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་ནས་མུ་མཐུད་ནུས་པ་གལ་ཆེན་འདོན་རྒྱུའི་རེ་སྒུག་བྱེད་པ། ཆབས་ཅིག་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱས་ནས་མིག་སྔའི་ཕྱེད་གླིང་ཕྲན་གྱི་དུས་བབ་ཞི་ལྷོད་དུ་འགྲོ་ཚུལ་འདིར་སྲུང་སྐྱོབ་དང་། ཞི་བདེའི་བྱ་ཐབས་བརྒྱུད་བྱང་ཁོ་རེ་ཡའི་རྡུལ་ཉིང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཀྱིས། ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་མངོན་གྱུར་ཐུབ་པ་བྱེད་འདོད་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།