ཞི་ཅིན་ཕིང་གིས་ཝུན་ཁྲོན་རྫོང་དབྱིང་ཤིའུ་གྲོང་རྡལ་དུ་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་སྤྱི་ཚེས་༡༢ཉིན་མུ་མཐུད་སི་ཁྲོན་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་དང་། རྔ་བ་ཁུལ་ཝུན་ཁྲོན་རྫོང་དབྱིང་ཤིའུ་གྲོང་རྡལ་དུ་ས་ཡོམ་བརྒྱབ་རྗེས་ཀྱི་ལོ་བཅུའི་དར་རྒྱས་གོང་འཕེལ་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ཁྲེན་ཏུ་གྲོང་ཁྱེར་ཕི་ཏུའུ་ཁུལ་ཀྲེན་ཆི་གྲོང་ཚོའི་མང་ཚོགས་དང་སྤེལ་རེས་གནང་བ་རེད། ཝུན་ཁྲོན་རྫོང་དབྱིང་ཤིའུ་གྲོང་རྡལ་ནི་ལྔ་པའི་ཚེས་བཅུ་གཉིས་ཀྱི་ཝུན་ཁྲོན་གྱི་ཚབས་ཆེའི་ས་ཡོམ་བརྒྱབ་ཁུལ་གཙོ་བོ་ཡིན། སྤྱི་ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་དབྱིང་ཤིའུ་གྲོང་རྡལ་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། ཤོན་ཁའུ་སློབ་འབྲིང་གི་གནའ་ཤུལ་དུ་ཁོང་ནས་ཝུན་ཁྲོན་གྱི་ཚབས་ཆེའི་ས་ཡོམ་ཁྲོན་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་དང་ཡོམ་འགོག་གནོད་སེལ་ཁྲོད་རང་སྲོག་བློས་གཏོང་བྱེད་མཁན་དཔའ་བོ་རྣམས་ལ་མེ་ཏོག་སི་ར་ཕུལ་གནང་བ་མ་ཟད་གུས་འདུད་ལན་གསུམ་ཞུས་གནང་ཡོད། ཁོང་གིས་ཚང་མར། ས་ཡོམ་གྱི་གནའ་ཤུལ་སྲུང་སྐྱོང་ཡག་པོ་བྱས་ཏེ། དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ལ་འགྱུར་བ་བྱེད་དགོས་པའི་བཀའ་མངག་གནང་ཡོད་པ་རེད།

ས་གནས་དེ་གའི་མང་ཚོགས་ཚོས་ཁེ་གཉེར་བྱེད་པའི་ཇ་བཟོ་ཁང་དུ་ཞི་ཅིན་ཕིང་ནས་ཇའི་ཐོན་ལས་གོང་འཕེལ་བཏང་བ་དེས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཚུལ་མཁྱེན་རྟོགས་གནང་ཡོད། གྲོང་མི་ཚོས་བཙུགས་པའི་ཟ་ཁང་ནང་ཁོང་གིས་ཚོང་གང་འདྲ་ཡོད་མེད་དང་། ཁྱིམ་ཚང་གི་འཚོ་བ་ཡག་པོ་ཡོད་མེད་བཀའ་འདྲི་གནང་བ་མ་ཟད། ཕྲུམ་ཤ་སྲེག་པ་དང་སྲན་མ་འཐག་པའི་བརྒྱུད་རིམ་མྱོང་རོལ་གནང་ཡོད་པ་རེད།

དབྱིང་ཤིའུ་གྲོང་རྡལ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་གིས་རླངས་འཁོར་ལ་བཞུགས་ཏེ་ཁྲེན་ཏུ་གྲོང་ཁྱེར་ཕི་ཏུའུ་ཁུལ་ཐང་ཁྲང་སྲང་ལམ་ཀྲེན་ཆི་གྲོང་ཚོར་ཕེབས་པ་དང་། གྲོང་མི་ཚོ་ནི་གྲོང་ཚོས་བཀོད་སྒྲིག་བྱས་པའི་དཔྱིད་གསར་དུས་ཆེན་གྱི་ཁྲོམ་ལམ་ཐོག་ནང་མི་མཉམ་འཛོམས་ཀྱི་འདྲ་པར་ལེན་པ་དང་། དཔྱིད་གསར་དུས་ཆེན་གྱི་སྨོན་ཚིག་འབྲི་བ། འོ་ཕྱེ་སྐམ་པོ་བཟོ་བ་སོགས་བྱེད་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པ་མཐོང་རྗེས་ཚང་མས་དགའ་སྤྲོ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད།

ཞི་ཅིན་ཕིང་ནས་ཡུལ་མི་ཚོར། ལྟོ་གོས་གཉིས་འཛོམས་མངོན་འགྱུར་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་རྗེས་ང་ཚོས་མུ་མཐུད་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ཡིན། ཀྲུང་གོར་མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་པ་དང་། ལྟོ་ཆས་གནད་དོན་སྔ་བར་ཕྱི་གསུམ་དུ་རང་ཉིད་ལ་བརྟེན་ནས་ཐག་གཅོད་བྱེད་དགོས། གྲོང་རྡལ་ཅན་གོང་འཕེལ་གང་འདྲ་བྱུང་རུང་གྲོང་གསེབ་ཏུ་མི་འབོར་དུང་ཕྱུར་ཁ་ཤས་ཡོད་པས། ང་ཚོས་ཕྱོགས་གཅིག་དར་རྒྱས་ཆེ་བའི་གྲོང་ཁྱེར་དང་ཕྱོགས་གཞན་ཞིག་རྗེས་ལུས་དང་ཐ་ན་ཉམས་རྒུད་ཡིན་པའི་གྲོང་གསེབ་ཞིག་ཏུ་མི་འགྱུར་བ་བྱེད་དགོས། གྲོང་གསེབ་ཀྱི་གོང་འཕེལ་དེ་ནི་ཐོན་ལས་གོང་འཕེལ་དང་དངོས་པོའི་དཔལ་ཡོན་ཁོ་ན་མ་ཡིན་པར་བསམ་པའི་དཔལ་ཡོན་དང་རིག་གནས་འཚོ་བ་ཡང་ལེགས་སུ་གཏོང་དགོས་ཞེས་གསུངས་གནང་བ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།