ཞི་ཅིན་ཕིང་གིས་ཤང་ཀང་གི་ཏཱ་ཕུའུ་ཡི་འགྲིམ་འགྲུལ་གནས་ཚུལ་ཚབས་ཆེན་རྐྱེན་པས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་གནང་བ་དང་། འདས་པོའི་ནང་མི་དང་རྨས་སྐྱོན་ཕོག་མཁན་ལ་འཚམས་འདྲི་ཞུས་གནང་བ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༢པའི་ཚེས་༡༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་པ་ཙམ་ལ། ཤང་ཀང་ཤིན་ཅད་ཀྱི་ཏཱ་ཕུའུ་གཞུང་ལམ་ཐོག་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཐོན་པ་དང་། སྤྱི་སྤྱོད་རླངས་འཁོར་ཐོག་བརྩེགས་གཉིས་ལྡན་ཞིག་གཞོགས་ཡོར་ནས་མི་༡༩རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་བཅུ་ལ་རྨས་སྐྱོན་ཕོག་ཡོད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་མགྱོགས་མྱུར་ངང་ཛ་དྲག་སྟབས་བསྟུན་བྱ་ཐབས་སྤྱད་ནས་ཐག་གཅོད་བྱས་ཡོད།

དོན་རྐྱེན་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལམ་སེང་དོན་རྐྱེན་ནང་ཤི་རྨས་དང་རོགས་སྐྱོབ་གནས་ཚུལ་ཤེས་རྟོགས་གནང་བ་དང་། ཤང་ཀང་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུགས་གཞུང་ལས་ཁང་གི་འགན་འཁུར་བས་སྲིད་འཛིན་དཔོན་ལིན་ཀྲེང་ཡོད་ཨེ་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་རེས་དོན་རྐྱེན་ཁྲོད་དུ་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཞུས་གནང་བ་དང་། འདས་པོའི་ནང་མི་དང་རྨས་སྐྱོན་ཕོག་མཁན་ལ་མཛའ་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་བྱས་པ་མ་ཟད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འདས་པོའི་རྗེས་འཇུག་ལས་དོན་དང་། རྨས་མའི་སྐྱོབ་བཅོས། དེ་བཞིན་ནང་མིར་སེམས་གསོ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་བླང་བྱ་བཏོན་གནང་ཡོད། ཞི་ཅིན་ཕིང་གིས་ད་དུང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་འབྲེལ་ཡོད་སྟབས་བསྟུན་བྱ་ཐབས་ཀྱི་ལས་དོན་དུས་ཐོག་ཏུ་སྤེལ་བར་གདེང་འཇོག་གནང་ཡོད་པ་རེད།

ལི་ཁེ་ཆང་དང་། ཀྲང་དེ་ཅང་གིས་ཀྱང་ཤང་ཀང་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་སྲིད་གཞུང་གི་འབྲེལ་གཏུགས་གཞུང་ལས་ཁང་གིས་མྱ་ངན་དང་འཚམས་འདྲི་ཞུ་ལུགས་བརྒྱུད་ཞུ་བྱ་རོགས་ཞེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།