ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲད་པ་མ་ཟད་བཀའ་སློབ་གནང་བར་དཔོན་དམག་ཡོངས་ཀྱི་ཁྲོད་ལན་ཆ་ཆེན་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲག་ཆས་ཉེན་རྟོག་དཔུང་སྡེར་དར་ཆ་སྤྲད་པ་མ་ཟད་བཀའ་སློབ་གནང་བར་དཔོན་དམག་ཡོངས་ཀྱི་ཁྲོད་ལན་ཆ་ཆེན་པོ་བྱུང་བ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེས་མགྱོགས་མྱུར་ངང་བཀའ་སློབ་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱས་ནས་དངོས་འཐབ་ཅན་གྱི་དམག་སྦྱོང་བྱེད་པའི་མཐོ་རླབས་གསར་པ་ཞིག་འཕྱུར་བ་བྱས་ཡོད་པ་རེད།

དྲག་ཆས་ཉེན་རྟོག་ཧོ་པེ་སྤྱི་ཁྱབ་རུ་ཁག་གི་ཚང་ཀྲའུ་ཡན་ལག་རུ་ཁག་སློབ་སྟོན་རུ་ཁག་གིས་གྲང་རླུང་འུར་འུར་དུ་ལྡང་བའི་སྐབས་ཕྱི་རོལ་དུ་འགྲན་རྒོལ་ནང་སྦྱོང་བྱེད་བཞིན་ཡོད་པ་རེད། འཇིགས་སྐུལ་པའི་འགོ་པ་འཇུ་བཟུང་བྱེད་སྐབས་གློ་བུར་དུ་ཚུར་རྒོལ་བྱས་ནས་བསྟུད་མར་དམག་མི་གཉིས་ལ་གྲི་རྒྱབ་ཡོད་པས། འཛིན་བཟུང་ཚར་གཅོད་ཀྱི་ལས་འགན་ཕམ་ཉེས་བྱུང་ཡོད། བསྐྱར་དུ་དཔྱད་བསྡུར་བྱེད་སྐབས། ཚང་ཀྲའུ་རུ་འབྲིང་གི་རུ་དཔོན་ཀྲའུ་པིན་གྱིས། གཏུམ་ཤུགས་འཇིགས་སྐུལ་བྱེད་སྒོར་ཇུས་འགོད་བྱས་པའི་ཐབས་ལམ་ལྟར་ཁ་གཏད་མི་འཇོག་པར། ང་ཚོས་སྟབས་བསྟུན་རང་བཞིན་ལྡན་པའི་ནང་སྦྱོང་བྱེད་དགོས། དེ་ལྟར་བྱས་ན་འཐབ་འཛིང་པ་ཚོའི་དམག་རྒྱག་པའི་འདུ་ཤེས་ཆེ་རུ་གཏོང་ཐུབ། གནས་ཚུལ་ཐག་གཅོད་ཡག་པོ་ཐུབ་མིན་གང་ཡིན་རུང་། དེའི་ཁྲོད་ནས་ཉམས་མྱོང་དང་སྣ་བསུན་ཡོང་ཐུབ། དེ་འདྲ་བྱུང་ན་གཞི་ནས་གྲ་སྒྲིག་ཡོད་པའི་ཐོག་ནས་དམག་རྒྱག་ཐུབ་ཅེས་གསུངས་ཡོད་པ་རེད།

དྲག་ཆས་ཉེན་རྟོག་གྲུང་ཆིང་སྤྱི་ཁྱབ་རུ་ཁག་གྲུ་གཟེངས་ཡན་ལག་རུ་ཁག་གིས་ཆུར་འཛུལ་སྦྱོང་བརྡར་བྱེད་བཞིན་ཡོད། སྤྱི་ཁྱབ་རུ་ཁག་གིས་དམག་སྟོབས་ཆེའི་དཔེ་བལྟ་ས་བཅུའི་གཟེངས་བསྟོད་བྱས་པའི་རུ་ཁག་ཆེན་པོ་གསུམ་གྱི་མེ་མདའ་དང་མེ་སྒྱོགས་དམག་དང་གྲུ་གཡོར་གྲུ་ཐག་དམག་གི་དམག་མི་ལི་ཧུང་མིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་བསླབ་བྱས་ལྟེ་བའི་དམག་དོན་ནུས་པ་གཅིག་བསྡུས་བྱས་ཡོད་ཅིང་། ང་ཚོས་ནན་ཏན་ངང་དམག་སྦྱོང་དམག་གྲབས་བྱ་རྒྱུའི་ཐད་སྟོབས་ཆེའི་འགུལ་ཤུགས་སྣོན་ཡོད། ང་ཚོས་ངེས་པར་དུ་རྒྱལ་ཁ་ལེན་ཐུབ་པའི་ནུས་པ་སྦྱོང་བརྡར་ཟམ་མི་ཆད་པ་བྱས་ནས། རྒྱུད་གཅིག་ལམ་གཅིག་གི་འབྲི་ཆུའི་ཆུ་ཁོངས་དཔལ་འབྱོར་འཛུགས་སྐྲུན་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

པེ་ཅིང་གྲོང་ཁྱེར་ཉེ་འདབས་ཀྱི་སྦྱོང་བརྡར་བྱེད་ས་ཞིག་ཏུ། རྒྱལ་ཁབ་རིམ་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་མཁན་དཔུང་ཁག དྲག་ཆས་ཉེན་རྟོག་རྔོན་ཁྲ་ངེས་མེད་རྒོལ་རྡུང་རུ་ཁག་གིས་སྐབས་བཅུ་དྲུག་པའི་ཧང་ཀ་རིའི་རྒྱལ་སྤྱིའི་འཇབ་རྒོལ་ལེགས་སྐྱེས་འགྲན་བསྡུར་ནང་ཞུགས་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། དམིགས་བསལ་དམག་འཐབ་རུ་ཁག་གི་ཀོ་ཙེ་རུའེ་ཡིས། རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཀའ་སློབ་ཉན་པ་ཡིན་ལ། ངར་ཤུགས་དང་སྤོབས་པ་ཆེན་པོ་སྐྱེས་བྱུང་། ང་ཚོས་བསླབ་བྱ་གནང་བ་དེ་དངོས་འཐབ་དམག་སྦྱོང་ནང་དོན་འཁྱོལ་བྱས་ནས། མེ་མདས་ངའི་ཁ་ལ་ཉན་པ་དང་། ངས་ཏང་གི་བཀའ་ལ་ཉན་རྒྱུ། སླད་ཕྱིན་གྱི་སྦྱོང་བརྡར་དང་དྲག་རྩལ་འགྲན་བསྡུར། དངོས་འཐབ་སོགས་ཀྱི་ནང་དྲག་ཆས་ཉེན་རྟོག་དཔུང་སྡེར་རྒྱལ་ཁ་དེ་བས་ཆེ་བ་དང་གཟི་བརྗིད་དེ་བས་ཡག་པ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།