ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཁ་མེ་ལུན་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2018-01-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས་༡༡ཉིན་ཏེའོ་ཡུལ་ཐའི་རྒྱལ་མགྲོན་ཁང་དུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཟུར་པ་ཁ་མེ་ལུན་དང་མཇལ་འཛོམས་གནང་ཡོད།

ཞི་ཅིན་ཕིང་གིས་ཁ་མེ་ལུན་ནས་དབྱིན་ཇིའི་དབུ་བཞུགས་བློན་ཆེནགནང་རིང་ཀྲུང་གོ་དང་དབྱིན་ཇིའི་བར་གྱི་འབྲེལ་བ་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ཀྱི་གཟིགས་རྒྱང་དང་འབད་བརྩོན་ལ་བསྔགས་བརྗོད་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ང་རང་ནས་སྤྱི་ལོ་༢༠༡༥ལོར་དབྱིན་ཇིར་ལེགས་གྲུབ་ལྡན་པའི་རྒྱལ་དོན་འཚམས་འདྲི་ཞུས་པ་ཡིན། ང་ཚོས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་དུས་རབས་ཡག་ཤོས་མཉམ་དུ་གསར་གཏོད་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་སྒུལ་ཤུགས་གསར་པ་སྣོན་ཡོད། དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་འགན་གནས་བཞེས་ཚུན་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བའི་དུས་རབས་ཡག་ཤོས་ཀྱི་ཁ་ཕྱོགས་ཆེན་པོ་མུ་མཐུད་རྒྱུན་འཁྱོངས་གནང་བས་ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བ་རྒྱུན་མཐུད་གོང་འཕེལ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད། མིག་སྔར་ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་པོའི་མཐོ་རིམ་འགྲོ་འོང་དམ་ཟབ་ཡིན་པ་དང་གཉིས་ཕན་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་ཕྱིན་པ། མི་ཆོས་རིག་གནས་སྤེལ་རེས་ཉིན་རེ་བཞིན་འཁྲུག་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁེ་ཕན་ཏན་ཏིག་སྐྲུན་ཡོད། ཀྲུང་གོའི་ཕྱོགས་ནས་དབྱིན་ཇི་དང་འབྲེལ་གཏུག་དང་སྤེལ་རེས། མཉམ་ལས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞི་ཚུད་པའི་ཁྱབ་ཁོངས་སྔར་བས་ཆེ་བ་དང་ཆུ་ཚད་སྔར་བས་མཐོ་བ། རིམ་པ་སྔར་བས་མཐོ་བ་བཅས་ཀྱི་གཉིས་ཕན་མཉམ་ལས་མུ་མཐུད་བྱས་ནས་དུས་རབས་ཡག་ཤོས་ཀྱི་འཆར་གཞི་དེ་དག་གྲུབ་འབྲས་སྔར་བས་མང་བར་འགྱུར་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཡུན་རིང་དང་བརྟན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན་འདུག

ཁ་མེ་ལུན་གྱིས། ཀྲུའུ་ཞི་ཞི་ཅིན་ཕིང་ནས་སྤྱི་ལོ་༢༠༡༥ལོར་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་བ་ད་ལྟའང་སེམས་ནང་བརྟན་པོར་ངེས་ཡོད། དབྱིན་ཇི་དང་ཀྲུང་གོས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་དུས་རབས་ཡག་ཤོས་མཉམ་སྐྲུན་བྱས་པ་མ་ཟད་ཕྱོགས་གཉིས་པོའི་མཉམ་ལས་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་བཏང་བར་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོས་དབྱིན་ཇི་དང་ཀྲུང་གོའི་མཉམ་ལས་ལ་གོ་སྐབས་གསར་པ་སྐྲུན་རྒྱུ་ཡིན་པས་ང་རང་ནས་དབྱིན་ཇི་དང་ཀྲུང་གོའི་འབྲེལ་བའི་མདུན་ལམ་ལ་སེམས་ཤུགས་ཀྱིས་ཁེངས་ཡོད་པ་དང་མུ་མཐུད་དེ་དབྱིན་ཇི་དང་ཀྲུང་གོའི་བར་ཕན་ཚུལ་ཤེས་རྟོགས་དང་འགྲོ་འོང་མཉམ་ལས་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་འདོད་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།