ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་དྲུག་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་སྟེ། སྲིད་དོན་ཆ་འཕྲིན་མ་ལག་ཟླ་སྒྲིལ་བཏང་ནས་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ཕན་འབྲས་མཐོ་ལ་སྟབས་བདེ་བའི་སྲིད་དོན་ཞབས་ཞུར་བརྟེན་ནས་མང་ཚོགས་ཀྱི་ཐོབ་ཚོར་གྱི་བསམ་པ་ཤུགས་ཆེར་གཏོང་བ། སྤྱི་པའི་ཐོན་ཁུངས་ཆ་སྦྱོར་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་བྱ་ཐབས་ལ་སྐུལ་འདེད་གཏོང་བ། ཚད་ལྡན་ཅན་དང་ཁ་གསལ་ཅན་ལ་སྐུལ་འདེད་གཏོང་རྒྱུ་གཏན་འཁེལ་བྱེད་པ། སྤྱི་ལོ་༢༠༡༧ལོ་འཁོར་མོའི་རྒྱལ་ཁབ་ཚན་རྩལ་བྱ་དགའི་དཔྱད་ཞིབ་མཇུག་འབྲས་ལ་ཆོག་མཆན་སྤྲོད་པ་བཅས་ཀྱི་བཀོད་སྒྲིག་གནང་ཡོད།

གྲོས་ཚོགས་ཐོག་ལོ་འདི་ཤར་ཚུན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ་བྱས་པ་དང་། རིམ་ཁག་ཞིང་ཆེན་རིམ་པའི་སྲིད་གཞུང་ཁག་དང་སྡེ་ཁག་༧༡གིས་རྒྱལ་ཁབ་གློག་རྡུལ་སྲིད་དོན་དྲ་བ་སྦྲེལ་ཡོད། གོམ་སྟབས་རྗེས་མར་གཅིག་ནས་སྲིད་དོན་ཆ་འཕྲིན་མ་ལག་ཟླ་སྒྲིལ་སྔར་ལས་ལྷག་པ་གཏོང་བ་དང་། རྒྱལ་ཁབ་ཀྱི་གྲངས་གཞིའི་མཉམ་སྤྱོད་བརྗེ་རེས་སྟེགས་བུ་འབྲེལ་མཐུད་བྱེད་པ། ཁྲིམས་དང་སྒྲིག་སྲོལ་ལྟར་སྤྱི་ཚོགས་ལ་སྒོ་དབྱེ་བྱེད་དགོས། སྤྱི་པའི་གྲངས་གཞི་དེ་དམིགས་བསལ་གཏན་འཁེལ་བྱས་པའི་ཁེ་ལས་དང་སྤྱི་ཚོགས་ཀྱི་སྒྲིག་འཛུགས་ལ་མ་གཏོགས་སྒོ་མི་ཕྱེ་བ་གཙང་སེལ་དང་གཏན་འགོག་བྱས་ཏེ་འདྲ་མཉམ་མངོན་པ་བྱེད་དགོས། གཉིས་ནས་གྲངས་གཞི་གཅིག་སྦྲེལ་དང་ལས་སྒོ་གཅིག་སྦྲེལ་ཡོང་རྒྱུ་མགྱོགས་སུ་གཏོང་དགོས། ལོ་མཇུག་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྡེ་ཁག་བཞི་བཅུའི་ཁོངས་གཏོགས་ནས་རིམ་ཁག་སྲིད་དོན་སྡེ་ཁག་ལ་མཉམ་སྤྱོད་གྲངས་གཞི་སྒོ་འབྱེད་མངོན་འགྱུར་ཐུབ་པ་དང་། སྲིད་དོན་སྡེ་ཁག་གིས་ཐོབ་ཐང་ཞིབ་བཤེར་དང་། གཏན་འཇགས་རྒྱུ་ནོར་ཐོ་འགོད། སློབ་གནས་དང་ཡོན་ཚད་བདེན་དཔང་སོགས་ལས་རིགས་ལྔ་བརྒྱའི་གྲངས་གཞི་འཚོལ་བཤེར་སོགས་ཀྱི་དགོས་མཁོ་རིམ་བཞིན་སྐོང་བ། ཁེ་ལས་དང་མང་ཚོགས་ནས་བྱ་བ་སྒྲུབ་སྐབས་སྟབས་བདེ་རུ་གཏོང་དགོས། སྲིད་གཞུང་གིས་མཁོ་འདོན་བྱས་པ་དང་། ཆ་འཕྲིན་མ་ལག་ཐོག་འཚོལ་བཤེར་ཐུབ་པའི་ཆ་འཕྲིན་ལ་སྤྱིར་ར་སྤྲོད་ཡི་གེ་དགོས་པའི་རེ་བ་བཏོན་མི་ཆོག གསུམ་ནས་སྒྲིག་གཞི་དང་ལག་རྩལ་གསར་སྐྲུན་ལ་སྐུལ་འདེད་དང་། སྲིད་དོན་ཞབས་ཞུ་དྲ་བ་གཅིག་ཐོག་སྒྲུབ་པ་དང་རྒྱལ་ཡོངས་སུ་སྒྲུབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས། བཞི་ནས་ཁྲིམས་ལུགས་དང་སྒྲིག་སྲོལ་འཛུགས་པ་དང་སྒྱུར་བཅོས། རྩིས་མེད་གཏོང་བ་བཅས་མགྱོགས་སུ་གཏོང་དགོས་པ་དང་། གློག་རྡུལ་ལག་ཁྱེར་སོགས་རྨང་གཞིའི་ཚད་གཞི་འདོན་དགོས། ལྔ་ནས་ཆ་འཕྲིན་བདེ་འཇགས་འགན་ལེན་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སོགས་དང་འབྲེལ་བའི་སྲིད་དོན་གྲངས་གཞིར་སྲིད་གཞུང་སྡེ་ཁག་གིས་ངེས་པར་དུ་དོ་དམ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།