ཞི་ཅིན་ཕིང་གིས་སྤྱི་ལོ་༢༠༡༧ལོའི་ཀོང་ཀྲའུ་ཡི་རྒྱུ་ནོར་ཞེས་པའི་གོ་ལ་ཧྲིལ་པོའི་གླེང་སྟེགས་ཀྱི་འགོ་འཛུགས་མཛད་སྒོར་བཀྲིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་བ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་དྲུག་ཉིན་གྱི་སྔ་དྲོ། སྤྱི་ལོ་༢༠༡༧ལོའི་ཀོང་ཀྲའུ་ཡི་རྒྱུ་ནོར་ཞེས་པའི་གོ་ལ་ཧྲིལ་པོའི་གླེང་སྟེགས་འགོ་ཚུགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀྲིས་བདེ་ལེགས་ཞུ་བའི་ཕྱག་ཡིག་བསྐུར་གནང་ཡོད། ཁོང་གིས། སྐབས་འདིའི་གླེང་སྟེགས་ཀྱིས་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་འཕྲད་པའི་འགག་རྩའི་གནད་དོན་ལ་དོ་ཁུར་བྱེད་པ་དང་། ཚོགས་ཞུགས་སྐུ་མགྲོན་དང་མཉམ་དུ་དོན་དེའི་ཐད་བསམ་བློ་བརྗེ་རེས་དང་། ཐབས་དང་ཇུས་འདོན་པ། འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་འཁོད་ཡོད་པ་དང་།

ཞི་ཅིན་ཕིང་གིས། ཀྲུང་གོའི་དཔལ་འབྱོར་ལ་ཡུན་རིང་ལེགས་པའི་ཕྱོགས་སུ་འགྲོ་བའི་འོད་སྣང་ལྡན་པའི་མདུན་ལྗོངས་ཡོད་པ་དང་། བརྟན་ཐོག་ཡར་བརྩོན་དང་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འགྲོ་རྒྱུ་མངོན་འགྱུར་ཡོང་བར་རྨང་གཞི་དང་། ཆ་རྐྱེན། སྒུལ་ཤུགས་བཅས་ལྡན་ཡོད། ཀྲུང་གོས་སྒོ་དབྱེའི་སྒོ་ཆེན་པོ་རྒྱག་མི་སྲིད་པར་སྔར་བས་ཡངས་པོར་ཕྱེ་སྲིད་པ་དང་། ལས་གཉེར་ཁོར་ཡུག་སྔར་བས་སྒོ་དབྱེ་དང་ཁ་གསལ། ཚད་ལྡན་བཅས་ལ་འགྱུར་ཐུབ། ཀྲུང་གོས་མུ་མཐུད་གོ་ལ་ཧྲིལ་པོའི་རོགས་པའི་འབྲེལ་བ་གོང་འཕེལ་གཏོང་བ་དང་། རྒྱལ་ཁབ་ཁག་བར་གྱི་ཁེ་ཕན་མཉམ་འདྲེས་ཐུབ་ཚད་རྒྱ་ཆེར་གཏོང་བ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དེ་སྔར་བས་སྒོ་དབྱེ་དང་། ཁོག་ཡངས། ཀུན་ཕན། དོ་སྙོམ། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ང་ཚོས་ འཛམ་གླིང་གི་ཁེ་ལས་མཁས་པས་ཀྲུང་གོར་མ་འཇོག་དང་ལས་རིགས་གོང་འཕེལ་གཏོང་བ། ཀྲུང་གོའི་སྒྱུར་བཅོས་གོང་འཕེལ་ལས་བྱུང་བའི་གོ་སྐབས་མཉམ་སྤྱོད་བྱེད་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་པར་ཡོང་རྒྱུར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ནན་བཏོན་གནང་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁབ་གི་ཙུང་ལི་གཞོན་པ་དབང་ཡང་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་ཡོད། ཁོང་གིས། ཀྲུང་གོའི་འདས་ཟིན་པའི་གོང་འཕེལ་ནི་སྒོ་དབྱེ་ལས་བྱུང་བ་དང་། ཕྱིན་ཆད་གསར་སྐྲུན་གྱིས་སྐུལ་ཁྲིད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་པ་དང་། དེ་བས་ཀྱང་སྒོ་དབྱེ་རྒྱ་ཆེར་གཏོང་དགོས། ང་ཚོས་ཕྱི་དངུལ་བེད་སྤྱོད་ཧུར་ཐག་དང་ནུས་ལྡན་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་དང་། ཁྲོམ་རར་མ་ཞུགས་གོང་རྒྱལ་དམངས་ཀྱི་ཐོབ་ཆའི་ཐོག་བཀག་རྒྱའི་གསལ་ཐོ་འགོད་པའི་དོ་དམ་གྱི་མ་དཔེ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཁྲོམ་རའི་ནང་ཞུགས་ཆོག་ཚད་གུ་ཡངས་སུ་ཤུགས་ཆེན་གཏོང་བ། གཙོ་གནད་ཁྱབ་ཁོངས་སྒོ་དབྱེ་རྒྱ་ཆེར་གཏོང་བའི་དུས་ཚོད་རེའུ་མིག་དང་ལམ་ཐིག་ས་བཀྲ་གང་མགྱོགས་གཏན་འབེབས་བྱེད་པ། ཕྱི་རྒྱལ་ཚོང་པའི་མ་འཇོག་གི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ། ཕྱོགས་ཞེན་མེད་པ་དང་གཞུང་དྲང་འགྲན་རྩོད་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་དགོས་པའི་ནན་བཏོན་གནང་ཡོད།

ཉིན་དེར་དབང་ཡང་གིས་ཀོང་ཀྲའུ་རུ་ཁག་སོ་སོར་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་ཁ་ན་ཏའི་ཙུང་ལི་ཐེ་ལུ་ཏོ་དང་པ་པུ་ཡ་ཀུ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉི་འར་དང་མཇལ་འཛོམས་གནང་བ་རེད།

ཐེ་ལུ་ཏོ་དང་མཇལ་འཛོམས་གནང་སྐབས་དབང་ཡང་གིས། ཀྲུང་གོའི་ཕྱོགས་ནས་ཁ་ན་ཏའི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཉོ་ཚོང་གཞི་ཁྱོན་སྔར་བས་རྒྱ་ཆེར་གཏོང་བ་དང་། ཕྱོགས་གཉིས་མ་འཇོག་རྒྱ་སྐྱེད་པ། གསར་སྐྲུན་ནུས་པའི་སྒོ་དབྱེའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད། ཨའོ་ཉི་འར་དང་མཇལ་འཛོམས་གནང་སྐབས་དབང་ཡང་གིས་ཀྲུང་གོའི་ཕྱོགས་ནས་པ་པུ་ཡ་ཀུ་ནེ་ཡ་གསར་པའི་གོང་འཕེལ་ལ་རང་ནུས་ལ་དཔག་པའི་རོགས་རམ་བྱ་རྒྱུ་དང་། པ་པུ་ཡ་ཀུ་ནེ་ཡ་གསར་པས་དུས་སང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་གཉེར་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།