ཞི་ཅིན་ཕིང་གིས་ལོ་སིའི་པེན་ཧྲ་སྣ་ཁྱིམ་རྒྱུད་ཀྱི་གྲོགས་པོ་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སིའི་ཝན་ཐེན་གྱི་ཁོང་ཞུགས་སའི་གསོལ་མགྲོན་ཁང་དུ་པེན་ཧྲ་སྣ་ཁྱིམ་རྒྱུད་ཀྱི་གྲོགས་པོ་དང་མཇལ་འཛོམས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ལོ་བདུན་སོང་རྗེས་སླར་ཡང་སློབ་གྲོགས་རྙིང་པ་དང་། གྲོགས་པོ་རྙིང་པ་དང་མཉམ་འཛོམས་བྱུང་བ་དང་། ཁྱེད་རྣམས་ཀྱི་སྐུ་གཟུགས་བདེ་ཐང་དང་། ཁྱིམ་ཚང་བདེ་སྐྱིད་ཡོད་པ་མཐོང་དུས། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་ཞེས་དང་། པེན་ཧྲ་སྣ་ཁྱིམ་རྒྱུད་ནི་ཀྲུང་གོའི་གྲོགས་པོ་ཡག་པོ་དང་། གྲོགས་པོ་རྙིང་པ་ཡིན། ཉེ་བའི་ལོ་འགའི་ནང་ལ། ཚང་མས་ལས་གནས་མི་འདྲ་བའི་ཐོག་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ཐད་འབད་བརྩོན་ཆེན་པོས་བྱས་རྗེས་འཇོག་གང་ཐུབ་བྱས་ཡོད། ཁྱེད་ཚོས་ཀྲུང་གོ་དང་ལོ་སིའི་མཛའ་མཐུན་བྱ་གཞག་ནང་མུ་མཐུད་ཞུགས་ནས། བུ་རྒྱུད་རྣམས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་རྒྱུན་འཛིན་པར་གསོ་སྐྱོང་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་དུ་འཇུག་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། པེན་ཧྲ་སྣ་ཁྱིམ་རྒྱུད་དང་ཀྲུང་གོའི་བར་གྱི་མཛའ་གྲོགས་དེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་གི་གཏམ་རྒྱུད་སྙན་པོ་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་དབར་འདྲ་མཉམ་དང་བརྩེ་བ་ཟབ་མོ་གླེང་བའི་དཔེ་མཚོན་ཞིག་ཡིན། ཁྱེད་ཚོས་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་རིག་གནས་དང་ལོ་རྒྱུས་ལ་རྒྱུས་མངའ་ཡོད་པ་དང་། ད་ལྟ་ཡང་རྒྱལ་ཁབ་གཉིས་པོའི་མཛའ་མཐུན་ཡོང་བའི་ལས་དོན་ནང་ཐད་ཀར་ཞུགས་མཁན་ཞིག་ཡིན་པས། ཀྲུང་གོ་དང་ལོ་སིའི་མཛའ་མཐུན་ཕོ་ཉ་དང་འབྲེལ་ཟམ་གྱི་འགན་འཁུར་བཞིན་ཡོད། ལོ་སི་ནི་ཀྲུང་གོའི་གྲོགས་པོ་བློས་ཐུབ་ཅིག་རེད། མིག་སྔར། ཀྲུང་གོ་དང་ལོ་སིའི་འབྲེལ་བ་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་། མཉམ་ལས་ཀྱི་བར་སྟོང་སྔར་ལས་རྒྱ་ཆེ་བར་གྱུར་ཡོད། ངས་ད་ཐེངས་ལོ་སིར་འཚམས་འདྲིར་ཡོང་བ་དང་། ལོ་སིའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་བར་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ལོ་སིའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་མ་ལག་སྐྲུན་རྒྱུར་ཐུན་མོང་ངོས་འཛིན་གལ་ཆེན་གསར་པ་བྱུང་། ང་ཚོས་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་རྒན་རབས་ཀྱི་མཛའ་གྲོགས་འགྲོ་འོང་གི་སྲོལ་རྒྱུན་ལོ་རྒྱུས་ཡིད་ལ་བརྟན་པོ་ངེས་པ་དང་། མུ་མཐུད་གཅིག་སེམས་གཅིག་གཏད་དང་། ཐོག་མའི་བསམ་འདུན་མི་བརྗེད་པ། སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན། གསར་བརྗེའི་སྲོལ་རྒྱུན་དར་སྤེལ་བཅས་བྱས་ཏེ། ཀྲུང་གོ་དང་ལོ་སིའི་མཛའ་མཐུན་བྱ་གཞག་ལ་སྟོབས་ཤུགས་ཟམ་མི་ཆད་པར་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད་པ་དང་།

ཞི་ཅིན་ཕིང་གིས་པེན་ཧྲ་སྣ་ཁྱིམ་རྒྱུད་ཀྱི་མི་རབས་རྗེས་མའི་ན་གཞོན་ལ་ དམིགས་བསལ་མངགས་བཅོལ་གནང་ནས། གཞོན་ནུ་རྣམས་ནི་རྒྱལ་ཁབ་གཉིས་པོའི་ སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རེ་བ་བཅོལ་ས་ཡིན་ལ་ཀྲུང་གོ་དང་ལོ་སིའི་མཛའ་མཐུན་བྱ་གཞག་གི་འབྱུང་འགྱུར་རེད། ཁོ་ཚོས་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་རྒྱུན་འཛིན་བྱེད་མཁན་དང་རྒྱུད་འཛིན་པ་བྱེད་པ་དང་། ཀྲུང་གོ་དང་ལོ་སིའི་འབྲེལ་བ་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ཀྲུང་གོ་དང་ལོ་སིའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་མ་ལག་སྐྲུན་རྒྱུར་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

པེན་ཧྲ་སྣ་ཁྱིམ་རྒྱུད་ཀྱི་གྲོགས་པོས་ཞི་ཅིན་ཕིང་མཇལ་དུས་སེམས་འགུལ་ཆེན་པོ་ཐེབས་པ་དང་། ཁོང་རྣམ་པས། སློབ་གྲོགས་རྙིང་པ་ཡིན་པའི་ངོས་ནས། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཁྱེད་རང་སླར་ཡང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིར་བདམས་ཐོན་བྱུང་བར་ང་ཚོས་མཐོང་དུས་ཧ་ཅང་དགའ་པོ་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་ཡིན་པའི་ངོས་ནས་གྲོགས་པོ་རྙིང་པ་ཐུགས་ལ་དེ་འདྲ་བཅངས་གནང་དུས། སེམས་འགུལ་ཆེན་པོ་ཐེབས་བྱུང་། ད་ལྟ་ང་ཚོའི་ཁྱིམ་མི་ལས་གནས་མི་འདྲ་བའི་ཐོག་ལས་དོན་སྒྲུབ་བཞིན་ཡོད། འོན་ཀྱང་ངེས་པར་དུ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁྲི་ཡིད་ལ་བརྟན་པོ་ཉར་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་བར་བྱུང་བའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ཏེ། ལོ་ཀྲུང་གི་སྲོལ་རྒྱུན་མཛའ་གྲོགས་སྲ་བརྟན་དུ་འགྲོ་ཆེད་བྱས་རྗེས་འཇོག་པ་དང་། ཁྱེད་དང་ང་ཚོའི་བར་གྱི་མཛའ་གྲོགས་བརྩེ་བའི་རྒྱུན་བསྐྱང་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

མཇལ་འཛོམས་ནང་ཞུགས་མཁན་ལོ་སིའི་དེ་སྔའི་ཕྱི་འབྲེལ་བློན་ཆེན་ཀུའེ་ཉིང་པེན་ཧྲ་སྣའི་བུ་རྒན་པ་ཀན་ཆའོ་དང་། བུ་མོ་བཞི་པ་ཁའེ་ཡུན། བུ་གཉིས་པ་སཱ་མ་ནུའོ། བུ་གསུམ་པ་སུང་མ། བུ་བཞི་པ་སུང་མཱ་ཁེ། བུ་མོ་ལྔ་པ་ལའེ་མཱ་ཉི། བུ་ལྔ་པ་སུང་སྦའོ། བུ་དྲུག་པ་སུང་ཕེང་སོགས་དེ་སྔ་དུས་རབས་གོང་མའི་ལོ་རབས་༦༠པར་པེ་ཅིན་དུ་འཚོ་བ་སྐྱེལ་བ་དང་སློབ་སྦྱོང་གནང་མྱོང་ཡོད། སྐབས་དེ་དུས། པེན་ཧྲ་སྣ་ཁྱིམ་རྒྱུད་ཀྱི་བུ་ཕྲུག་ཁ་ཤས་དེ་སྔ་ཞི་ཅིན་ཕིང་དང་ལྷན་དུ་བརྒྱད་གཅིག་སློབ་གྲྭར་སློབ་སྦྱོང་གནང་མྱོང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།