ཞི་ཅིན་ཕིང་དང་པན་ཡང་གཉིས་མ་ཧུའོ་སུའོ་ཕྱོགས་བསྡུས་སྨན་ཁང་གི་རྨང་འདིང་མཛད་སྒོར་ཞུགས་པ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༤ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་གཉིས་ནས་ཝན་ཐེན་དུ་མ་ཧུའོ་སུའོ་ཕྱོགས་བསྡུས་སྨན་ཁང་བཅོས་སྐྱོང་གི་རྨང་འདིང་མཛད་སྒོར་ཞུགས་པ་རེད།

ཞི་ཅིན་ཕིང་གིས་རླང་འཁོར་ལ་ཞུགས་ནས་མ་ཧུའོ་སུའོ་ཕྱོགས་བསྡུས་སྨན་ཁང་དུ་འབྱོར་སྐབས་པན་ཡང་གི་རླང་འཁོར་འཇོག་གནས་སུ་བསུ་བ་ཞུ་བར་བཅར་ཡོད་པ་རེད། ཞི་ཅིན་ཕིང་དང་པན་ཡང་གཉིས་ནས་ཐུན་མོང་ཐོག་མ་ཧུའོ་སུའོ་ཕྱོགས་བསྡུས་སྨན་ཁང་གི་རྣམ་གྲངས་གྲུབ་རིས་ལ་གཟིགས་གནང་བ་དང་། ཀྲུང་གོའི་ཕྱོགས་ཀྱི་སྤྱི་ཁྱབ་བཟོ་སྐྲུན་མཁས་པས་རྣམ་གྲངས་ཀྱི་ཐད་ངོ་སྤྲོད་གནང་བར་གསན་པ་རེད། རྨང་འདིང་མཛད་སྒོ་ཚུགས་པ་དང་། ཞི་ཅིན་ཕིང་དང་པན་ཡང་རྣམ་གཉིས་ཀྲུའུ་ཞི་སྟེགས་བུའི་ཐོག་ཏུ་ཕེབས་པ་དང་ཐུན་མོང་ཐོག་རྨང་རྡོའི་ཐོག་ས་སྣོན་པ་རེད།

རྨང་འདིང་མཛད་སྒོ་འགོ་ཚུགས་རྗེས་ཞི་ཅིན་ཕིང་དང་པན་ཡང་རྣམ་གཉིས་ནས་ཐུན་མོང་ཐོག་སྨན་ཁང་གི་ནད་སྡོད་ཁང་དུ་ཕེབས་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ལུའོ་སིར་རོགས་སྐྱོར་བྱས་པའི་མིག་ནད་ཚན་ཁག་གི་སྨན་དོན་མི་སྣ་དང་སྤེལ་རེས་ཐུང་ངུ་གནང་བ་དང་དྲན་རྟེན་སྐུ་པར་སྐྱོན་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱི་སྨན་དོན་མི་སྣ་འོད་སྣང་དང་མཛའ་གྲོགས་ཀྱི་ཕོ་ཉ་ཡིན་པའི་ངོས་ནས་ལུའོ་སིའི་ནད་པ་རྣམ་ལ་འོད་སྣང་སྟེར་བ་མ་ཟད་ཀྲུང་གོ་དང་ལུའོ་སིའི་མཛའ་གྲོགས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་འགྲོ་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བས། དུས་རབས་གསར་པའི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་མཚོན་པར་བསྔགས་བརྗེད་གནང་ཡོད། ཞི་ཅིན་ཕིང་དང་པན་ཡང་རྣམ་གཉིས་མིག་ནད་ཚན་ཁག་ཏུ་ཕེབས་པ་དང་། ཀྲུང་གོའི་ཕྱོགས་ཀྱི་སྨན་དོན་མི་སྣས་ངོ་སྤྲོད་གནང་བར་གསན་པ་རེད། སྨན་དོན་མི་སྣས་ལས་ཡུལ་དངོས་སུ་ཀྲུང་གོའི་ཕྱོགས་ཀྱི་ལིང་གྲིབ་བཤགས་བཅོས་བྱས་རྗེས་དྲག་སྐྱེས་བྱུང་བའི་ལུའོ་སིའི་ཕྱོགས་ཀྱི་ནད་པ་གཉིས་ཀྱི་མིག་ར་ཕྱེས་ཡོད་པ་རེད། ཞི་ཅིན་ཕིང་གིས་ནད་པ་གཉིས་པོ་དྲག་སྐྱེས་སྔ་ཙམ་ཡོང་རྒྱུ་དང་ཁྱིམ་ཚང་བེད་སྐྱིད་ཡོང་བའི་སྨོན་འདུན་ཞུས་ཡོད་པ་རེད། འོད་སྣང་སླར་ཡང་མཐོང་བའི་ལུའོ་སིའི་ནད་པས་སེམས་འགུལ་ཆེན་པོས་ཀྲུང་གོའི་སྲིད་གཞུང་གིས་སྨན་དོན་མི་སྣ་མངགས་གཏོང་བྱས་ཏེ་སྨན་བཅོས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་དེས་ཁོ་ཚོ་སླར་ཡང་བདེ་སྐྱིད་ཀྱི་འཚོ་བའི་ལམ་བུའི་ཐོག་ཏུ་བསྐྱོད་ཐུབ་པ་བྱུང་ཡོད་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལུའོ་སིའི་མཉམ་ལས་དེ་དམངས་འཚོའི་ཁྱབ་ཁོངས་ལ་མང་ཙམ་ཕྱོགས་ལྷུང་བྱེད་རྒྱུ་དང་། དེས་ས་གནས་དེ་གའི་མང་ཚོགས་ལ་དེ་བས་ཕན་པ་མང་ཙམ་འཐོབ་པ་བྱེད་དགོས། དགོས་ངེས་ཀྱི་ལྷུ་ལག་ཚང་ན་ལྡན་དགོས་པའི་སྒྲིག་ཆས་ལ་ད་དུང་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་གཙོ་སྐྱོང་སྡེ་ཁག་གིས་སྲིད་ཇུས་ཀྱི་སྤེལ་རེས་དང་དངོས་དོན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ཐུན་མོང་ཐོག་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རྒྱུད་དང་དེ་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་དགོས་ཞེས་གསུངས་པ་རེད།

མ་ཧུའོ་སུའོ་ཕྱོགས་བསྡུས་སྨན་ཁང་ནི་ཀྲུང་གོས་ལུའོ་སིར་རོགས་བསྐྲུན་བྱས་པའི་དམངས་འཚོའི་ཁྱབ་ཁོངས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཤིག་ཡིན་པ་དང་། དེ་ནི་མ་ཧུའོ་སུའོ་ཡི་ད་ཡོད་སྨན་ཁང་གི་རྨང་གཞིའི་ཐོག་གསར་རྒྱག་རྒྱས་བསྐྲུན་བྱས་པ་དང་། དེའི་དམིགས་ཡུལ་ནི་ལུའོ་སིའི་སྨན་བཅོས་ཆ་རྐྱེན་ལ་ལེགས་བཅོས་བྱེད་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་སྤྱི་ལོ་༢༠༢༡ལོར་བེད་སྤྱོད་གཏོང་ཐུབ་བཟོ་ཡོད་པ་རེད།

ཉིན་དེར་ཞི་ཅིན་ཕིང་གིས་ད་དུང་ལུའོ་སིའི་མིང་མེད་འཐབ་འཛིང་པའི་དྲན་གསོའི་རྡོ་རིང་ལ་མེ་ཏོག་གི་མཆོད་པ་ཕུལ་བ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།