ཞི་ཅིན་ཕིང་གིས་ལུའོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅི་ཀྲུའུ་མ་ལི་དང་མཇལ་མོལ་གནང་བ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༣ཉིན་ཀྲུང་དབྱང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝན་ཐེན་དུ་ལུའོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅི། དེ་སྔའི་རྒྱལ་ཁབ་ཀྲུའུ་ཞི་ཀྲུའུ་མ་ལི་དང་མཇལ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས། བློ་མཐུན་ཀྲུའུ་མ་ལིས་ལུའོ་སིའི་ཏང་དང་རྒྱལ་ཁབ་ཀྱི་ཆེས་མཐོའི་དབུ་ཁྲིད་གནང་བའི་ལོ་༡༠རིང་ལ། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ལུའོ་སིའི་མཛའ་གྲོགས་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། རང་ཉིད་སྐུ་ངོ་མས་རྒྱལ་བ་གཉིས་པོའི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཐུགས་ཁུར་དང་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ལུའོ་སིའི་འབྲེལ་བར་བར་བརྒལ་རྣམ་པའི་གོང་འཕེལ་ཡོང་བ་དང་ཀྲུང་གོ་དང་ལུའོ་སིའི་སྲོལ་རྒྱུན་མཛའ་གྲོགས་གཏིང་ཟབ་ཏུ་འགྲོ་ཆེད་དུ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་དང་།

ཁོང་གིས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་གྲུབ་འབྲས་གལ་ཆེན་གྱིས་གསར་དར་རྒྱལ་སྤྱིའི་འབྲེལ་བ་འཛུགས་རྒྱུར་ཕན་ཐོགས་ཡོད་པ་དང་། ཀྲུང་གོ་དང་ལུའོ་སིར་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་མ་ལག་འཛུགས་ཐུབ་ངེས་ཡིན། བློ་མཐུན་ཀྲུའུ་མ་ལིས་མུ་མཐུད་དེ་ཀྲུང་གོ་དང་ལུའོ་སིའི་འབྲེལ་བ་གོང་འཕེལ་ཡོང་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་མ་ཟད། ཀྲུང་གོ་དང་ལུའོ་སིའི་འབྲེལ་བ་རྒྱུན་ཆད་མེད་པར་ཡང་དག་པའི་ཁ་ཕྱོགས་སུ་གོང་འཕེལ་འགྲོ་བར་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཀྲུའུ་མ་ལིས། བློ་མཐུན་ཞི་ཅིན་ཕིང་ནི་ལུའོ་སིའི་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཡིན། ད་ཐེངས་ལུའོ་སིར་འཚམས་འདྲི་གནང་བ་འདིས་ལུའོ་སི་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཐོག་ཏུ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ཀྲུང་གོ་ནི་ལུའོ་སིའི་མཛའ་གྲོགས་ཁྱིམ་མཚེས་དང་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་གལ་ཆེའི་སྟོབས་ཤུགས་ཡིན། ལུའོ་སིའི་ཕྱོགས་ནས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དམ་པ་དོན་དུ་གཉེར་བཞིན་ཡོད་པ་དང་། ལུའོ་སི་དང་ཀྲུང་གོའི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།

ཏིང་ཞུའེ་ཞང་དང་ཡང་ཅེ་ཁྲེ་སོགས་ཀྲུང་གོའི་ཕྱོགས་ཀྱི་ཕེབས་རོགས་མི་སྣ་དང་། ལུའོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པན་ཡང་། ལུའོ་སི་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཏང་ཀྲུང་དབྱང་གཞུང་ལས་ཐིན་གྱི་ཀྲུའུ་རེན་ཁན་ཧྥན། ལུའོ་སི་ཏང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཙུང་ལི་གཞོན་པ་སུང་སའེ་སོགས་མཇལ་མོལ་ནང་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།