སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་གསན་དང་ཞེས་པའི་ཁག་ལྔ་པ། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན།
སྤེལ་བའི་དུས་ཚོད། : 2017-10-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས། འགན་སེམས་ཆེན་པོའི་ཐོག་ནས། དུས་རབས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། མི་དམངས་ཀྱི་རེ་བ་དང་བསྟུན་པ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་འཁྲིད་ནས་མདུན་བསྐྱོད་ལམ་བུའི་ཐོག་གི་དཀའ་གནད་དང་འགྲན་རྩོད་ལ་ཁ་གཏད་ཧུར་ཐག་བཅག་པ། བསྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་དང་ནང་སྲིད་དང་ཕྱི་འབྲེལ། རྒྱལ་སྲུང་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཁྱབ་ཁོངས་ཁག་ནང་རྣམ་པ་གསར་པ་ཐོན་ཡོད།

ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་ལེའུ་བཅུ་ཡོད་པའི་དམིགས་བསལ་ཆེད་སྒྲིག་ལེ་ཚན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ལ་གསན་དང་ཞེས་པ་སྒྲིག་བཟོ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པར་ཕྱིར་དྲན་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་བྱེད་པའི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་དང་རླབས་ཆེའི་གྲུབ་འབྲས་ལ་ཕྱིར་དྲན་བྱ་རྒྱུ་ཡིན། དེ་རིང་ཁག་ལྔ་པ་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་ཞེས་པ་དེ་ཞུ་གི་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གནས་ལྔ་གཞི་གཅིག་ཡིན་པའི་སྤྱི་ཡོངས་བཀོད་པའི་ནང་བཅུག་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་ཞེས་པ་དེ་ཐེངས་དང་པོར་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བརྗིད་ཆེའི་དམིགས་འབེན་དུ་བརྩིས་ཡོད།

སྤྱི་ལོ་2013ལོའི་ཟླ་9ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧ་སག་སི་ཐན་གྱི་ན་ཀྲ་པ་ཡས་ཧྥུ་སློབ་ཆེན་དུ་གཏམ་བཤད་གནང་རྗེས་སློབ་མ་ཚོའི་འདྲི་བར་ལན་སྐྱོན་སྐབས། ང་ཚོས་སྐྱེ་ཁམས་ཁོར་ཡུག་རིན་དོད་དུ་བྱས་ནས་དཔལ་འབྱོར་འཕེལ་ཐབས་བྱེད་པའི་གནས་སྐབས་གོང་འཕེལ་གཏན་ནས་གཏོང་མི་རུང་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། གསེར་རི་དང་དངུལ་རི་དགོས་ལ། རི་ཆུ་སྔོ་ལྗང་ལྡན་པའང་དགོས། འོན་ཀྱང་སྔོ་ལྗང་གི་རི་ཆུ་དགོས་གལ་ཆེ་བ་ལས་གསེར་རི་དང་དངུལ་རི་མི་དགོས། གང་ཡིན་ཞེ་ན་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་ཞེས་གསུངས་གནང་བ་རེད།

སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་ཞེས་པའི་ཚན་རིག་གི་ཆོད་གཏམ་དེ་སྐྱེ་ཁམས་ཤེས་དཔལ་ལྟ་བ་འཛུགས་པ་དང་ཀྲུང་གོ་འདི་ཉིད་སྦག་གཙོག་མེད་པའི་གོང་འཕེལ་འགྲོ་ལམ་ཐོག་ཁྲིད་སྟོན་བྱེད་པའི་རིགས་གཞུང་གི་རྨང་གཞི་ཞིག་ཏུ་གྱུར་ཡོད་པ་རེད།
ལོ་ལྔའི་རིང་། སྐྱེ་ཁམས་ཁོར་ཡུག་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གང་དུ་ཕེབས་ཀྱང་དེ་གར་ནན་གསུང་གནང་གི་ཡོད།

ཞི་ཅིན་ཕིང་གིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གོང་འཕེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དེའང་ངས་བརྗོད་པའི་སྔོ་ལྗང་རི་ཆུ་དང་གསེར་རི་དངུལ་རིའི་བར་གྱི་འབྲེལ་བ་དེ་ཡིན། སྔོ་ལྗང་རི་ཆུ་དང་གསེར་རི་དངུལ་རི་ནི་འགལ་ཟླ་ཞིག་མིན་པར། འགག་རྩ་དེ་མི་དང་བསམ་བློར་ཐུག་ཡོད་པས། སྔོ་ལྗང་རི་ཆུས་དཔལ་འབྱོར་སྤྱི་ཚོགས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་ཐུབ་པ་བྱས་ནས། དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་མཉམ་དུ་མཐོར་འདེགས་ཡོང་བ་དང་། མང་ཚོགས་ཕྱུག་འགྱུར་དང་སྐྱེ་ཁམས་མཛེས་སྡུག་ལྡན་པ་གཅིག་འགྱུར་ནུས་ལྡན་ཡོང་བ་བྱེད་དགོས་ཞེས་གསུངས་འདུག
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་ཡང་སྙིང་གལ་འགངས་ཆེ་ལོས་ཡོད་མིན་ཐད། སྤྱི་ཁྱབ་ཧྲུའུ་ཅིས་ཐེངས་མང་པོར་མིག་དང་ཚེ་སྲོག་ལ་འགེབས་སྲུང་བྱེད་པ་དཔེ་རུ་འཇོག་གནང་གི་ཡོད།

ཞི་ཅིན་ཕིང་གིས། ད་ཆ། ཁོར་ཡུག་ནི་དམངས་འཚོ་ཡིན་པ་དང་། སྔོ་ལྗང་རི་བོ་ནི་མཛེས་སྡུག་ལྡན་པ། སྔོ་སངས་ཀྱི་ནམ་མཁའ་ཡང་བདེ་སྐྱིད་ཅིག་ཡིན་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མིག་འབྲས་སྲུང་བ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཚེ་སྲོག་ལ་གཅེས་པ་བཞིན་སྐྱེ་ཁམས་ཁོར་ཡུག་ལ་མཐོང་ཆེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་རྒྱུ་མེད་ཅེས་གསུངས་གནང་འདུག

སྤྱི་ཁྱབ་ཧྲུའུ་ཅིས་གྲོང་ཁྱེར་དང་ས་ཁུལ་རེ་རེའི་ཁོར་ཡུག་གནད་དོན་ལ་དོ་ཁུར་གཟབ་བཞེས་གནང་བ་དང་། དེ་ལས་སྤྱི་ཡོངས་སྐྱེ་ཁམས་བདེ་འཇགས་ཀྱི་གནས་བབ་ཧྲིལ་པོར་དོ་ཁུར་གནང་བ་མངོན་ཡོད། གནས་བབ་ཧྲིལ་པོར་གཞིགས་དགོས་ན་བཀོད་ཇུས་ཆེན་པོ་འདིང་དགོས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཆར་འགོད་ཅེས་པའི་ནང་། སྤྱི་ལོ་2020ལོར་སླེབས་དུས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ལེགས་བཅོས་བྱེད་པའི་དམིགས་འབེན་གཙོ་བོ་གསལ་བཏོན་མཛད་ཡོད་ལ། དམིགས་ཚད་གཙོ་བོ་རབ་དང་རིམ་པ་བཏོན་ཡོད་པས། སྦག་གཙོག་མེད་པའི་གོང་འཕེལ་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་ཡོད་པ་རེད།
ཞི་ཅིན་ཕིང་གིས། ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་རྒྱུན་མཐུད་གོང་འཕེལ་གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དང་། སྦག་གཙོག་བྲལ་ཞིང་ཐན་རྒྱུ་འདུས་ཚད་ཉུང་བའི་འཁོར་རྒྱུགས་གོང་འཕེལ་རྒྱུན་འཁྱོངས་བྱ་རྒྱུ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། སླད་ཕྱིན་ལོ་ལྔའི་ནང་། ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་ཆུ་བེད་སྤྱོད་འབོར་ཚད་དང་ནུས་རྒྱུ་ཟད་གྲོན། དབྱང་གཉིས་ཐན་འགྱུར་འབུད་གཤངས་བྱེད་ཚད་བཅས་བརྒྱ་ཆ་23དང་བརྒྱ་ཆ་15 བརྒྱ་ཆ་18བཅས་ཆག་པ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

འཛམ་གླིང་གི་དཔལ་འབྱོར་རྒྱལ་ཁབ་ཆེན་པོ་ཨང་གཉིས་པ་ཡིན་པའི་ཆ་ནས། ཀྲུང་གོས་སྔོ་ལྗང་གི་རི་ཆུ་སྲུང་བ་དེའང་རྒྱལ་ཁབ་ཆེན་པོ་ཞིག་གི་འཁུར་འོས་པའི་ཁོར་ཡུག་འགན་འཁྲི་ཞིག་ཡིན་པ་རེད།

ཞི་ཅིན་ཕིང་གིས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན། ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོབ་བྱེད་པ་ཡིན་ཞེས་ངས་ཐེངས་མང་ཞུ་མྱོང་། ང་ཚོས་སྔོ་སངས་ཀྱི་ནམ་མཁའ་དང་སྔོ་ལྗང་གི་ས་གཞི། དྭངས་གཙང་གི་ཆུ་མོ་བཅས་ཡོད་པའི་མཛེས་སྡུག་ལྡན་པའི་ཀྲུང་གོ་ཞི་འཛུགས་སྐྲུན་བྱས་ནས། མང་ཚོགས་རྣམས་བློ་བདེ་བག་ཕེབས་ཀྱི་ཁོར་ཡུག་ནང་འཚོ་བ་སྐྱེལ་རྒྱུ་ཡོང་བ་དང་། དཔལ་འབྱོར་གོང་འཕེལ་ལས་བྱུང་བའི་སྐྱེ་ཁམས་ཀྱི་ཕན་འབྲས་དངོས་སུ་ཚོར་བ་བྱེད་དགོས་ཞེས་གསུངས་འདུག

ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་པོའི་ཁྲོད། སྐྱེ་ཁམས་ཤེས་དཔལ་གྱི་རྣམ་པ་གསར་པ་འགོ་ཚུགས་ཟིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་དབུ་ཁྲིད་འོག ཀྲུང་གོའི་སྦག་གཙོག་མེད་པའི་གོང་འཕེལ་ལམ་བུ་དེ་སྔར་བས་ཇེ་བརྟན་དང་རྒྱ་ཆེ་རུ་འགྲོ་སྲིད། རླབས་ཆེའི་ཀྲུང་ཧྭ་མི་རིགས་ཀྱིས་རྗེས་རབས་ཚོར་སྔོ་སངས་ཀྱི་ནམ་མཁའ་དང་སྔོ་ལྗང་གི་ས་གཞི། དྭངས་གཙང་གི་ཆུ་མོ་བཅས་ཡོད་པའི་ཁྱིམ་གཞིས་ཤིག་སོར་བཞག་ཐུབ་ངེས་ཡིན་ལ། རྒྱུན་མཐུད་གོང་འཕེལ་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྲུན་ཐུབ་ངེས་ཡིན་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ལྷག་པ།