སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ལ་གསན་དང་ཞེས་པ་ལས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཁྲོད་ནས་སྙིང་སྟོབས་འཚོལ་དགོས།
སྤེལ་བའི་དུས་ཚོད། : 2017-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དམིགས་བསལ་འཆར་འགོད་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་ལ་ཉན་པ་ཞེས་པ་ལས་དེ་རིང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་ཁྲོད་ནས་སྙིང་སྟོབས་འཚོལ་དགོས་ཞེས་པ་དེ་ཞུ་གི་ཡིན།
རིག་གནས་ཀྱི་ལས་དབང་དང་རྒྱལ་ཁབ་ཀྱི་ལས་དབང་ཕན་ཚུན་འབྲེལ་ཡོད་པ་དང་། རིག་གནས་ཀྱི་ལས་སྐལ་དང་རྒྱལ་ཁབ་ཀྱི་ལས་སྐལ་ཕན་ཚུན་ཟུང་དུ་འབྲེལ་ཡོད། རྒྱལ་ཁབ་གཅིག་དང་། མི་རིགས་ཤིག་སྟོབས་འབྱོར་མངའ་ཐང་རྒྱས་པ་དེ། རྟག་ཏུ་རིག་གནས་དར་རྒྱས་ཀྱིས་འདེགས་སྐྱོར་བྱེད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོར་བློ་བརྟན་འགྱུར་མེད་ཀྱི་འགྲོ་ལམ་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་ཡོད་ཅིང་། དེའི་ངོ་བོ་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་རྒྱུད་འཛིན་གྱི་རྨང་གཞིའི་ཐོག་བཙུགས་པའི་རིག་གནས་གདེང་ཚོད་དེ་ཡིན།

ཞི་ཅིན་ཕིང་གིས། རིག་གནས་གདེང་ཚོད་ནི། ཆེས་རྨང་གཞི་དང་། ཆེས་རྒྱ་ཁྱབ། ཆེས་གཏིང་ཟབ་པ་བཅས་ཀྱི་གདེང་ཚོད་དེ་ཡིན། ལོ་ངོ་༥༠༠༠ལྷག་ཙམ་གྱི་ཤེས་དཔལ་གོང་འཕེལ་ཁྲོད་གསོ་སྤེལ་བྱས་པའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། ཏང་དང་མི་དམངས་ཀྱི་རླབས་ཆེན་འཐབ་རྩོད་ནང་གསོ་སྤེལ་བྱས་པའི་གསར་བརྗེའི་རིག་གནས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ནང། ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཏིང་ཟབ་པའི་སྙིང་སྟོབས་བརྩོན་ལེན་འདུས་ཡོད་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྙིང་སྟོབས་མཚན་རྟགས་ཡིན། ཞེས་གསུངས་ཡོད་པ་རེད།

ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཡིན་པ་དང་། ང་ཚོས་ངེས་པར་དུ་མི་རབས་ནས་མི་རབས་རྒྱུན་འཛིན་བྱེད་པའི་རིག་གནས་ཀྱི་རྩ་བ་དང་། རིག་གནས་ཀྱི་གཞི་རྐྱེན་ཡིན་ལ། ང་ཚོས་གདེང་ཚོད་བཞི་བརྟན་དུ་གཏོང་བའི་གཏིང་ཟབ་པའི་རྨང་གཞི་ཡིན།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། མི་ཆོས་རིག་གནས་ཀྱི་བསམ་བློ། བློ་གསོར་བརྟེན་ནས་བློ་འགུག་བྱེད་པའི་བསམ་བློ། ཀུན་སྤྱོད་འདུ་ཤེས་སོགས་ཀྱིས། མི་རྣམས་ཀྱིས་འཇིག་རྟེན་ངོས་འཛིན་དང་སྒྱུར་བཀོད་བྱེད་རྒྱུར་ཕན་ཡོད་ཀྱི་བློ་སྒོ་འབྱེད་ཐུབ་པ་དང་། རྒྱལ་སྐྱོང་སྲིད་འཛིན་བྱེད་རྒྱུར་ཕན་ཡོད་ཀྱི་བློ་སྒོ་འབྱེད་ཐུབ་པ་མ་ཟད། ཀུན་སྤྱོད་འཛུགས་སྐྱོང་ཐད་ཕན་ཡོད་ཀྱི་བློ་སྒོ་འབྱེད་ཐུབ། ཅེས་གསུངས་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྤེལ་དང་དར་སྤེལ་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཀུན་སྤྱོད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་ཡོད།

ཞི་ཅིན་ཕིང་གིས། མུ་མཐུད་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། སྤྱི་ཚོགས་ཀུན་སྤྱོད་དང་། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་ཀུན་སྤྱོད། མི་སྒེར་གྱི་ཀུན་སྤྱོད་ཀྱི་སློ་གསོ་བཅས་ལ་ཤུགས་སྣོན་རྒྱབ་ནས། རྒྱལ་གཅེས་དང་། ལས་བཀུར། ཁ་བཤད་དོན་གནས། མཛའ་གྲོགས་འཆམ་མཐུན་སོགས་གཞི་རྩའི་ཀུན་སྤྱོད་ཀྱི་རྣམཔ་དར་སྤེལ་གཏོང་བ་དང་། ང་ཚོའི་སྤྱི་ཚོགས་ཧྲིལ་པོའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས། ཞེས་གསུངས་ཡོད་པ་རེད།

མཐུན་པོ་བྱུང་ན་མཆོག་གྱུར་ཡིན་ཞེས་པ་དང་། གཞན་ལ་ཕན་འདོགས་དགོས་ཞེས་པ། རང་གིས་བྱེད་འདོད་མེད་པ་རྣམས། གཞན་ལ་བྱེད་དུ་འཇུག་མི་རུང་བ་ཞེས་པ་སོགས་ཀྱི་འདུ་ཤེས་ཀྲུང་གོར་མི་རབས་ནས་མི་རབས་བར་རྒྱུད་ཡོད། ལོ་ལྔ་སོང་རིང་། གསར་དར་གྱི་རྒྱལ་སྤྱིའི་འབྲེལ་བ་དང་། ལས་དབང་ཐུན་མོང་མ་ལག། རྒྱུད་གཅིག་ལམ་གཅིག་སོགས་ཀྲུང་གོས་འབོད་སྐུལ་བྱས་པའི་ཕྱི་འབྲེལ་འདུ་ཤེས་ཀྱང་རིམ་པས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁས་ལེན་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད།

ཞི་ཅིན་ཕིང་གིས། སྣེ་མང་ཕན་སུམ་ཚོགས་པའི་མིའི་རིགས་ཀྱི་ཤེས་དཔལ་ལ་རང་ཉིད་གནས་པའི་རིན་ཐང་རེ་ཡོད། མི་གཞན་གྱི་ཤེས་དཔལ་དང་རང་ཉིད་ཀྱི་ཤེས་དཔལ་མི་འདྲ་བ་མཐོང་བའི་དབང་གིས། བློ་འདོད་མེད་པ་བྱས་ནས། ཐབས་རྒྱ་ཇུས་སྟོང་གིས་སྒྱུར་བཀོད་དང་། རང་རིགས་སུ་སྒྱུར་བ་ཐ་ན་རང་ཉིད་ཀྱི་ཤེས་དཔལ་གྱིས་དེའི་ཚབ་བྱེད་རྒྱུ་མེད། ཅེས་གསུངས་ཡོད་པ་རེད།

མི་དམངས་ལ་དད་མོས་ཡོད་ཚེ། མི་རིགས་ལ་རེ་བ་ཡོད་པ་དང་། རྒྱལ་ཁབ་ལ་སྟོབས་ཤུགས་ལྡན་ཡོད། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་དང་ཆབས་ཅིག ཀྲུང་ཧྭའི་ཤེས་དཔལ་ཡང་དུས་རབས་གོང་འཕེལ་གྱི་འགྲོས་དང་བསྟུན་ནས། སྔར་བས་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་རྒྱས་བཞིན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་རྒྱུད་རིམ་ཁྲོད་ཀྲུང་གོའི་མི་དམངས་ཀྱིས་དུས་རབས་ཡར་ཐོན་གསར་པར་གཞིགས་ནས། ཀྲུང་ཧྭའི་ཤེས་དཔལ་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕོ་འགྱུར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དེའི་གསོན་ཤུགས་འདོན་སྤེལ་བྱས་ནས། ཀྲུང་ཧྭའི་ཤེས་དཔལ་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་གསར་གཏོད་བྱས་པའི་སྣེ་མང་ཕུན་སུམ་ཚོགས་པའི་ཤེས་དཔལ་དང་ལྷན་དུ། མིའི་རིགས་ལ་ཡང་དག་པའི་བསམ་པའི་ཁྲིད་སྟོན་བྱེད་པ་དང་སྟོབས་ཆེའི་བསམ་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས། ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཚེ་དགའ།