སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ལ་གསན་དང་ཞེས་པའི་ལེའུ་གསུམ་པ། མི་དམངས་དམངས་གཙོ་རྒྱ་སྐྱེད་བཏང་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས།
སྤེལ་བའི་དུས་ཚོད། : 2017-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསན་མཁན་རྣམ་པ་ཚོ། དམིགས་བསལ་འཆར་འགོད་ལེ་ཚན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མོལ་ལ་གསན་དང་ཞེས་པ་ལས་དེ་རིང་ཁག་གསུམ་པ་མི་དམངས་དམངས་གཙོ་རྒྱ་སྐྱེད་བཏང་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་དེ་ཞུ་གི་ཡིན།

མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་ཙམ་ཡོད་པའི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆེན་པོ་འདིར། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆར་འགན་ལེན་ཏན་ཏིག་བྱེད་ཐུབ་ལ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། རྒྱལ་ཁབ་ཀྱི་ལས་ཆོད་མཐོ་རུ་ཇི་ལྟར་གཏོང་མིན་དེ་ནི་དུས་རབས་ཀྱིས་ཀྲུང་གོའི་གུང་ཁྲན་ཏང་ལ་སྤྲད་པའི་ལོ་རྒྱུས་ཀྱི་བརྗོད་གཞི་ཞིག་ཡིན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་༩༥འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་མངོན་གསལ་གྱི་ལམ་ལུགས་བཟང་ཆ་ལྡན་པ་དང་། རང་ངོས་འཐུས་ཚང་དུ་གཏོང་བའི་ནུས་པ་ཆེན་པོ་ལྡན་པའི་སྔོན་ཐོན་གྱི་ལམ་ལུགས་ཤིག་ཡིན་པ་དང་། དེང་དུས་ཀྲུང་གོའི་གོང་འཕེལ་ཡར་ཐོན་གྱི་རྩ་བའི་ལམ་ལུགས་ཀྱི་འགན་ལེན་ཡིན་ཞེས་ཁྱབ་བསྒྲགས་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་རྒྱུས་ནི་མཇུག་རྫོགས་མཐའ་མེད་པ་ཞིག་ཡིན་ལ། མཇུག་རྫོགས་ཀྱང་མི་སྲིད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དང་མ་ཡག་དེ། གནས་ཚུལ་དངོས་ལ་ལྟ་དགོས་པ་དང་། ཀྲུང་གོའི་མི་དམངས་ཀྱིས་བརྡར་ཤ་གཅོད་པར་ལྟ་དགོས་པ་ལས། ལྟ་ཚུལ་ཡོད་མཁན་གྱིས་རང་སྣང་གིས་ཐག་གཅོད་བྱེད་པར་ལྟ་བ་ཞིག་མིན། ཀྲུང་གོའི་གུང་ཁྲན་ཏང་མི་དང་ཀྲུང་གོའི་མི་དམངས་ལ་མིའི་རིགས་ལ་སྔར་ལས་ལྷག་པའི་སྤྱི་ཚོགས་ལམ་ལུགས་ཤིག་འཚོལ་ཞིབ་བྱེད་རྒྱུའི་ཀྲུང་གོའི་ཇུས་གཞི་ཞིག་མཁོ་འདོན་བྱེད་ཐུབ་པའི་ཡིད་ཆེས་གཙང་མ་ཡོད་ཅེས་གསུངས་ཡོད། གལ་སྲིད་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། གྲུ་གཟིངས་ཆེན་པོ་ལྟ་བུའི་ཀྲུང་གོ་འདི་ཉིད་བསྐྱར་དར་གྱི་ཕ་མཐར་བགྲོད་སྐབས་བློ་རྩ་བརྟན་ལ་ཡང་དག་པའི་ཁ་ལོ་སྒྱུར་མཁན་ཞིག་ཡོད་པ་བྱེད་དགོས་ཚེ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུ་ནི་གྲུ་གཟིངས་ཆེན་པོ་འདི་མཚོ་འགྲུལ་བྱེད་པའི་སྟོབས་ཤུགས་ཀྱི་འབྱུང་རྩ་ལྟ་བུ་དེ་ཡིན། ཀྲུང་གོས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལག་བསྟར་བྱེད་པ་ནི། ཀྲུང་གོའི་མི་དམངས་ཀྱི་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཐོག་གི་རླབས་ཆེན་གསར་སྐྲུན་ཞིག་ཡིན།

ཞི་ཅིན་ཕིང་གིས། ལོ་ངོ་དྲུག་ཅུའི་ལག་ལེན་གྱི་ཐོག་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་གནས་ཚུལ་གྱི་དངོས་ཡོད་དང་འཚམས་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མངོན་པ། མི་དམངས་ནས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ལ་འགན་ལེན་བྱེད་པའི་ལམ་ལུགས་ཡག་པོ་ཞིག་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད་ཅེས་གསུངས་ཡོད་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་དོ་དམ་བྱེད་པའི་ནང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གལ་ཆེའི་ནུས་པ་འདོན་སྤེལ་བྱེད་རྒྱུར་སྔར་བས་དོ་སྣང་ཆེན་པོ་བྱས་ནས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་ཇེ་མགྱོགས་སུ་གཏོང་དགོས་ཞེས་བཏོན་ཡོད་པ་རེད། ལོ་བཞི་ལྷག་ཙམ་སོང་རིང་། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལུགས་༢༢གཏན་འབེབས་བྱས་པ་དང་། བཅའ་ཁྲིམས་ཐེངས་གྲངས་༡༡༠ལ་བཟོ་བཅོས་རྒྱབ་ནས། ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་ཁྲིམས་ལུགས་ཀྱི་གོ་རིམ་རྒྱུད་ནས་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ངོ་བོའི་བླང་བྱ་དང་གལ་ཆེའི་འགན་ལེན་ཡིན་པ་དང་། དེ་ཉིད་རང་རེའི་ཏང་གིས་སྲིད་འཛིན་བྱས་ནས་རྒྱལ་ཁབ་དར་རྒྱས་གཏོང་རྒྱུ་དང་། མི་དམངས་ཀྱི་བདེ་སྐྱིད་བདེ་ཐང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་བཅས་དང་འབྲེལ་བ་ཡོད་པ་ཞིག་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་དང་ཆབས་ཅིག ཁྲིམས་ལུགས་འཛུགས་སྐྱོང་གིས་ལས་འགན་སྔར་བས་མང་བ་འཁུར་རྒྱུ་དང་། དེ་བས་གལ་འགངས་ཆེ་བའི་ནུས་པ་འདོན་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

ཉིན་བཞིན་འཐུས་ཚང་དུ་འགྲོ་བའི་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་གིས་དབང་ཆ་དེ་ལམ་ལུགས་ཀྱི་རླུང་གཟེབ་ནང་བཅུག་རྒྱུ་ནི། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འགག་རྩ་དེ་ཡིན། ཏང་གི་འགོ་ཁྲིད་འོག དམངས་གཙོ་དང་ཁྲིམས་ལུགས་ཀྱི་བཅོས་སྐྱོང་དཔེ་རིས་ཤིག་སྔར་བས་གསལ་བའི་ཐོག་ནས་མི་རྣམས་ཀྱི་མདུན་དུ་མངོན་བཞིན་ཡོད་པ་དང་། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕ་མཐར་བགྲོད་རྒྱུར་ཁྲིད་སྟོན་བྱེད་བཞིན་ཡོད།

ཞི་ཅིན་ཕིང་གིས། སྲིད་ཏང་ཞིག་དང་། སྲིད་དབང་ཞིག་གི་མདུན་ལམ་ལས་དབང་དེ་མི་སེམས་ཕྱོགས་མིན་ལ་རག་ལུས་ཡོད། མི་དམངས་མང་ཚོགས་ཀྱིས་གང་ཞིག་ལ་ངོ་རྒོལ་བྱེད་པ་དང་། གང་ཞིག་ལ་སྡང་སེམས་བྱེད་པ་ང་ཚོས་དེར་སེམས་ཐག་གཙང་བཅད་ཀྱིས་འགོག་ཟོན་དང་རྡུང་རྡེག་གཏོང་དགོས། མི་དམངས་མང་ཚོགས་ཀྱིས་སྡང་སེམས་བྱེད་ཆེ་ཤོས་ནི་རུལ་སུངས་ཀྱི་སྣང་ཚུལ་ཡིན་པས། ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་དགོས། ལམ་ལུགས་ལ་བརྟེན་ནས་དབང་ཆ་དང་བྱ་དོན་མི་དོན་བཅས་ལ་དོ་དམ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་བྱེད་མི་བསམ་པ་དང་། བྱེད་མི་རུང་བ། བྱེད་མི་ཕོད་པ་བཅས་ཀྱི་ཕན་ཡོད་སྒྲིག་གཞི་ཞིག་དུས་ཚོད་དམ་འཛིན་གྱིས་ཆགས་པ་བྱེད་དགོས་པ་དང་། མི་དམངས་ཀྱིས་དབང་ཆར་ལྟ་སྐུལ་བྱེད་པ་དང་། དབང་ཆ་མངོན་སྒྲུབ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།