ཞི་ཅིན་ཕིང་གིས་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་ངོ་༦༠འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་བ།
སྤེལ་བའི་དུས་ཚོད། : 2017-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་ངོ་༦༠འཁོར་བའི་རྟེན་འབྲེལ་ཚོགས་ཆེན་སྤྱི་ཚེས་༩ཉིན་མོ་སི་ཁོར་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིང་ཕིང་གིས་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ལ་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་ཡོད་པ་རེད།
ཞི་ཅིང་ཕིང་གིས་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་ནང་། ལོ་ངོ་༦༠སོང་རིང་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་སྔ་བར་ཕྱི་གསུམ་དུ་ཀྲུང་གོར་མཛའ་གྲོགས་ཀྱི་འདུ་ཤེས་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་ཧུར་ཐག་སྤེལ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་བར་ཕན་ཚུལ་ཤེས་རྟོགས་དང་མཛའ་བཤེས་ཟབ་ཏུ་གཏོང་རྒྱུར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་པས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་སྲ་བརྟན་གོང་འཕེལ་གཏོང་རྒྱུའི་སྟོབས་ཤུགས་གལ་ཆེན་ཞིག་རེད་ཅེས་གསུངས་ཡོད་པ་རེད།

ཞི་ཅིང་ཕིང་གིས། རྒྱལ་ཁབ་བར་གྱི་མཛའ་གྲོགས་འབྲེལ་བ་དེ་མི་དམངས་བར་མཛའ་གྲོགས་ཡིན་མིན་ལ་ཐུག་ཡོད། མིག་སྔར་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་གནས་ཡོད་པས་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱིས་ལོ་ངོ་༦༠འཁོར་བ་དེ་གོ་སྐབས་ཤིག་ལ་བརྩིས་ནས་རྒྱལ་ཁབ་གཉིས་པོའི་དམངས་ཁྲོད་འགྲོ་འོང་གི་རྣམ་པ་གསར་པ་གཏོད་དགོས་པ་དང་རྒྱལ་ཁབ་གཉིས་པོའི་དམངས་སེམས་མཉམ་མཐུན་དང་དམངས་འདོད་མཉམ་གནས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་བ། ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་ཆུ་ཚད་མཐོ་པོས་གོང་འཕེལ་འགྲོ་རྒྱུར་རོགས་ཕན་ཡོང་བ་བྱེད་དགོས་ཀྱི་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།

ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་གིས་ཀྱང་ཨུ་རུ་སུ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་བཙུགས་ནས་ལོ་ངོ་༦༠འཁོར་བར་བཀྲ་ཤིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བསྐུར་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐྱིད་པོ།