ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་བཞི་པའི་ལྟ་ཞིབ་ཆེན་མོའི་གནས་ཚུལ་གྱི་སྙན་ཞུར་གསན་པ།
སྤེལ་བའི་དུས་ཚོད། : 2017-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས༡༣ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་བཞི་པའི་ལྟ་ཞིབ་ཆེན་མོའི་གནས་ཚུལ་གྱི་སྙན་ཞུ་དང་དེ་བཞིན་གཙོ་གནད་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ཕྱོགས་གསུམ་པའི་དཔྱད་དཔོག་སྙན་ཞུར་གསན་ཏེ། མུ་མཐུད་དུ་གལ་ཆེའི་ཐབས་གཅོད་དང་བཀོད་སྒྲིག་ལ་ནན་འཛིན་བྱས་ནས་དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ཐད་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུ་དོན་འཁྱོལ་བྱེད་དགོས་པ་དང་།

གྲོས་ཚོགས་ཐོག ཉེ་ཆར་རྒྱལ་སྲིད་སྤྱི་ཁང་གིས་ཡང་བསྐྱར་ཞིང་ཆེན་དང་རང་སྐྱོང་ལྗོངས། དེ་བཞིན་ཐད་གཏོགས་གྲོང་ཁྱེར་༡༨ལ་ས་ཆ་དངོས་སུ་ལྟ་ཞིབ་བྱས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་གིས་རང་བཤེར་བྱེད་རྒྱུའང་སྒྲིག་འཛུགས་བྱས་ནས། ས་ཁུལ་ཁ་ཤས་སུ་ཐོན་ནུས་དོར་བའི་ལས་དོན་ཏན་ཏིག་མིན་ལ་གནད་དུའང་མི་འཁེལ་བ་དང་། མ་འཇོག་རྣམ་གྲངས་ཀྱི་ཐོ་འགོད་འཛུགས་སྐྲུན་དང་དངུལ་ཁང་གི་དངུལ་བཅོལ་ཐོ་འཛུགས་སོགས་ཞིབ་བཤེར་ཆོག་མཆན་སྤྲོད་པའི་དུས་ཡུན་རིང་བ་དང་། འབྲེལ་ཡོད་ཁེ་ལས་ཀྱིས་ལུགས་དང་མི་མཐུན་པའི་སྒོ་ནས་གླ་ཡོན་བླངས་པ་བཀག་སྡོམ་ཡང་ཡང་བྱས་ཀྱང་མི་ཁོག་པ། ཚན་རྩལ་གྱི་གྲུབ་འབྲས་བསྒྱུར་བཅོས་ལ་འགལ་རྐྱེན་མང་བ་སོགས་གནད་དོན་མངོན་འདུག་ཅེས་བསྟན་ཡོད་པ་དང་། གྲོས་ཚོགས་ཐོག འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ལྕགས་རོ་བཞུ་བའི་རྩིས་ཐོའི་ནང་མ་ཚུད་པའི་རྗེས་ལུས་ཀྱི་ངར་ལྕགས་ཐོན་ནུས་གཙང་ཞིབ་དཔྱིས་ཕྱིན་པ་བྱས་ཏེ། གལ་སྲིད་གནད་དོན་དེ་དག་ཤེས་རྟོགས་བྱུང་ན་ཉེས་ཆད་ནན་པོ་གཅོད་པ་མ་ཟད་འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་མེ་རོ་བསྐྱར་འབར་སྔོན་འགོག་བྱེད་པ་དང་། འབྲེལ་ཡོད་སྡེ་ཁག་གིས་བྱེད་ཐབས་འདོན་རྒྱུར་དམ་འཛིན་བྱས་ནས། ལས་རིགས་དང་མཐུན་ཚོགས། ཚོང་ཚོགས། དེ་བཞིན་སློབ་ཚོགས་སོགས་སུ་གནས་པའི་གླ་ཡོན་བསྐྱར་ལེན་དང་། གླ་ཡོན་ལེན་རྒྱུ་མཐོ་དྲགས་པ་དང་ཚད་ལས་བརྒལ་བའི་གནད་དོན་རིགས་དག་ཐེར་བཅོས་སྐྱོང་བྱས་ནས། མཐའ་གཅིག་ཏུ་སྒྲིག་འགལ་རིན་ལེན་གཏན་འགོག་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ།