ཀྲང་ཀའོ་ལི་སྐབས་༡༤པའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྐབས་༡༤པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་འགྲེམས་ཚོགས་དང་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་དབུ་ཚོགས་སྤྱི་ཚེས་༡༢ཉིན་གྱི་སྔ་དྲོ་ཀོང་ཤི་ནན་ཉིང་རུ་འགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙང་ལི་གཞོན་པ་ཀྲང་ཀའོ་ལི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་བརྗོད་དོན་གཙོ་བོའི་གསུངས་བཤད་ཀྱང་གནང་བ་རེད།

ཀྲང་ཀའོ་ལིས། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མན་འབྲེལ་གྱིས་ཐུན་མོང་ཐོག་རྒྱུད་གཅིག་ལམ་གཅིག་གི་འཛུགས་པའི་ཐད་མཐུན་རྐྱེན་ཆ་ཚང་འཛོམས་ཡོད། ཉེ་བའི་ལོ་ཤས་ནང་། ཕྱོགས་གཉིས་པོས་ཞི་བདེ་མཉམ་ལས་དང་སྒོ་དབྱེ་དང་ཁོག་ཡངས། ཕན་ཚུན་སློབ་སྦྱོང་དང་དཔྱ་གཞིར་འཛིན་པ། གཉིས་ཕན་གཉིས་རྒྱལ་བཅས་ཀྱི་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ཡོད་པ་དང་། སྲིད་ཇུས་ཐད་ཀྱི་འབྲེལ་གཏུགས་དང་སྒྲིག་བཀོད་འབྲེལ་གཏུགས། ཉོ་ཚོང་ཤར་གཏོང་། མ་དངུལ་མཉམ་ཐུན་མོང་དུ་ཕྱུག་པོར་འགྱུར་ཐབས། དམངས་སེམས་འབྲེལ་མཐུད་བཅས་ལ་སྐུལ་འདེད་བཏང་ཡོད་པས། ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རིམ་མངོན་གསལ་དོད་པོ་བྱུང་ཡོད་ཅེས་གསུངས་པ་དང་།

ཁོང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཛའ་གྲོགས་མཉམ་ལས་གོང་འཕེལ་གཏོང་གི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། འབྲེལ་བ་དེ་བས་ཟབ་པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ལས་དབང་ཐུན་མོང་མ་ལག་བཙུགས་ནས། དེ་ཨ་ཤེ་ཡ་ལས་དབང་ཐུན་མོང་མ་ལག་གི་དཔེ་མཚོན་ལ་འགྱུར་བ་བྱེད་དགོས་ཞེས་བསྟན་གནང་ཡོད། ཀྲུང་གོས་མུ་མཐུད་ནས་མཛའ་བརྩེ་དང་ལྷག་བསམ། ཕན་ཡོད། ཁོག་ཡངས་བཅས་ཀྱི་འདུ་ཤེས་འཛིན་ནས། ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་དང་མཉམ་དུ་དུས་རབས་༢༡པའི་མཚོ་ཐོག་དར་གོས་ལམ་བུའི་འཛུགས་སྐྲུན་གྱི་ལེའུ་གསར་པ་གཏོད་འདོད་ཡོད། ཆབ་སྲིད་ཕན་ཚུན་ཡིད་ཆེས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་འཐབ་ཇུས་རོགས་པའི་འབྲེལ་བའི་སྤྱི་ལོ་༢༠༣༠ལོའི་མདུན་ལྗོངས་ཞེས་པ་བཟོ་རྒྱུར་སྐུལ་འདེད་གཏོང་བ། རྒྱུད་གཅིག་དང་ལམ་གཅིག་གི་གྲོས་འགོད་དེ་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ས་ཁོངས་འཐབ་ཇུས་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འཇབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་རིམ་འཕར་དང་གོང་འཕེལ་ཡོང་རྒྱར་སྐུལ་འདེད་གཏོང་བ། མཉམ་འབྲེལ་མཉམ་མཐུད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྐམ་སའི་ཐོག་དང་མཚོ་ཐོག མཁའ་ཐོག དྲ་ཐོག་བཅས་ཕྱོགས་བཞི་གཞི་གཅིག་ཏུ་བསྡུ་བའི་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ། གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འཚབ་གྱི་ཚན་རྩལ་རོགས་པའི་འཆར་འགོད་ཞེས་པ་ལག་བསྟར་བྱེད་པ། མི་ཆོས་རིག་གནས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཡུལ་སྐོར་མཉམ་ལས་ལོ་ཞེས་པའི་བྱེད་སྒོ་ཡག་པོ་གཉེར་བ། ཕྱོགས་གཉིས་སྤེལ་རེས་ཀྱི་དམངས་འདོད་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཀུ་རུ་ནེའི་རྒྱལ་པོ་ཧ་སང་ནར་དང་། ཁམ་ཕུ་ཀྲེའི་དབུ་ཞུགས་བློན་ཆེན་ཧོང་སེན། ཝེ་ཐེ་ནམ་གྱི་རྒྱུན་ལས་ཙུང་ལི་གཞོན་པ་ཀྲང་ཧེ་ཕིང་། ལོ་སེའི་ཙུང་ལི་གཞོན་པ་སོང་སེ། ཧ་སག་སེ་ཐན་གྱི་ཙུང་ཐུང་གཞོན་དང་པོ་མ་མིང་བཅས་ཀྱང་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིགས་ཀྱང་གསུངས་གནང་ཡོད་པ་རེད།

འགོ་ཚུགས་མཛད་སྒོ་མཇུག་སྒྲིལ་རྗེས། ཀྲང་ཀའོ་ལིས་དངོས་མང་འགྲེམས་ཚོགས་ཁང་ལ་གཟིགས་སྐོར་གནང་བ་མ་ཟད་ཧ་སང་ནར་དང་མཉམ་དུ་ཀུ་རུ་ནའེ་འགྲེམས་ཚོགས་ཁང་སྒོ་དབྱེ་བའི་མཛད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།