ལི་ཁེ་ཆང་གིས་དཀུ་དབྱང་བང་རིམ་ཟད་མཁན་གྱི་དངོས་པོ་མེད་པ་བཟོ་བའི་མོང་ཐེ་ལེར་གྲོས་ཆོད་ཡི་གེར་མིང་རྟགས་བཀོད་ནས་ལོ་ངོ་སུམ་ཅུ་འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་ཤིས་འཕྲིན་གནང་བ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་དཀུ་དབྱང་བང་རིམ་ཟད་མཁན་གྱི་དངོས་པོ་མེད་པ་བཟོ་བའི་མོང་ཐེ་ལེར་གྲོས་ཆོད་ཡིག་གེར་མིང་རྟགས་བཀོད་ནས་ལོ་ངོ་སུམ་ཅུ་འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་བཀྲིས་བདེ་ལེགས་ཞུ་བའི་འཕྲིན་ཡིག་བཏང་ཡོད།

ལི་ཁེ་ཆང་གིས་འཕྲིན་ཡིག་ནང་། དཀུ་དབྱང་བང་རིམ་ལ་སྲུང་སྐྱོབ་དང་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་རྒྱུ་དེ་ནི་གོ་ལ་ཧྲིལ་པོར་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཅིག་རེད། ལོ་ངོ་སུམ་ཅུའི་རིང་། མོང་ཐེ་ལེར་གྲོས་ཆོད་ཡིག་གེ་ལག་ལེན་བསྟར་བའི་ཐད་གྲུབ་འབྲས་ཆེན་པོ་ཐོབ་ནས་མིའི་རིགས་ཀྱི་བྱེད་སྒོས་དཀུ་དབྱང་བང་རིམ་ལ་གཏོར་བཤིག་ཐེབས་རྒྱུར་བཀག་འགོག་ནུས་ལྡན་ཐུབ་པས། དེས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ས་གཞི་རི་མོའི་ཁྱིམ་གཞིས་ཆེན་མོར་སྲུང་སྐྱོབ་བྱེད་པའི་ཆོད་སེམས་མངོན་ཡོད་ལ། གོ་ལའི་རང་བཞིན་གྱི་ཁོར་ཡུག་གནད་དོན་གཞན་དག་ཐག་གཅོད་བྱ་རྒྱུར་མིག་དཔེ་སྟོན་ཡོད་ཅེས་དང་། ཁོང་གིས། ཀྲུང་གོ་ཉིད་འགན་ཁྲི་ཁུར་བའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས་གོ་ལའི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་བཞིན་ཡོད་ལ། འབག་མེད་དང་ཐན་ཉུང་། འཁོར་རྒྱུག རྒྱུན་མཐུད་རུང་བ་བཅས་ཀྱི་ཐོན་སྐྱེད་དང་འཚོ་བ་སྐྱེལ་ཐབས་དར་སྤེལ་བཏང་ནས་སྤྱི་ལོ་༢༠༣༠ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད། མོང་ཐེ་ལེར་གྱི་གྲོས་ཆོད་ཡིག་གེའི་སྒྲོམ་གཞིའི་འོག་ཏུ། ཀྲུང་གོས་དཀུ་དབྱང་བང་རིམ་ཟད་མཁན་གྱི་དངོས་པོ་མེད་པ་བཟོ་ཚད་དེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མེད་པ་བཟོས་པའི་ཕྱེད་ཀ་ཙམ་ཟིན་ཡོད། ཀྲུང་གོས་མུ་མཐུད་དེ་རྒྱལ་སྤྱིའི་འོས་འགན་ཁུར་ནས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་སུ་རྒྱལ་སྤྱིའི་མཉམ་ལས་སྤེལ་ཏེ་གོ་ལའི་འབྱུང་ཁམས་བདེ་འཇགས་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བྱམས་པ་ཚེ་རིང་།