ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུར་ཞལ་པར་བསྐྱོན་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བཅུ་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུར་ཞལ་པར་བསྐྱོན་ཡོད།

ཞི་ཅིན་ཕིང་གིས། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣས་ཐུན་མོང་ཐོག་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་སྤེལ་རེས་དམ་ཟབ་བྱ་རྒྱུ་དེ་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་གོང་འཕེལ་ཐད་ནས་བརྗོད་ན་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན། ཕྱོགས་གཉིས་པོས་གླེང་མོལ་བྱ་རྒྱུར་ཤུགས་སྣོན་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམས་བྱེད་པ་བཅས་བྱས་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཀྲུང་གོས་ཙུང་ཐུང་སྐུ་ཞབས་མཆོག་ནས་འདི་ལོ་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་ཐད་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པས་རྒྱལ་ཁབ་གཉིས་པོའི་ལས་དོན་ཚོགས་པས་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཞེས་གསུངས་ཡོད་པ་རེད།

ཐེ་རོན་ཕུས། ཀྲུའུ་ཞི་ཞི་ཅིན་ཕིང་དང་གནད་དོན་ཆེ་གྲས་ཐད་སྤེལ་རེས་དང་མཐུན་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དེས་རྒྱལ་ཁབ་གཉིས་པོས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་ལ་ཤུགས་སྣོན་རྒྱུའི་ངོས་ནས་བརྗོད་ན་ཧ་ཅང་གི་གལ་འགངས་ཆེན་པོ་རེད། མིག་སྔར། ཨ་ཀྲུང་འབྲེལ་བ་གོང་འཕེལ་འགྲོ་བའི་རྣམ་པ་ཡག་པོ་མངོན་བཞིན་ཡོད། སླད་ཕྱིན་ཀྱང་དེ་བས་ལེགས་པ་ཡོང་བའི་ཡིད་ཆེས་ཡོད་ཅེས་དང་། ཁོང་གིས་ངོས་ནས་ཀྱང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱ་རྒྱུར་རེ་སྒུག་ཞུ་བཞིན་ཡོད་ཅེས་གསུངས་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་མིག་སྔའི་ཁོ་རེ་ཡའི་ཕྱེད་གླིང་ཕྲན་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ཀྲུང་ཨ་རྒྱལ་ཁབ་གཉིས་པོར་ཁོ་རེ་ཡའི་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་དང་ཁོ་རེ་ཡའི་ཕྱེད་གླིང་ཞི་བདེ་བརྟན་ལྷིང་ཡོང་བར་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ལྡན་ཡོད། མིག་སྔར། འབྲེལ་ཡོད་ཕྱོགས་ནས་བཟོད་སྒོམ་གང་ཐུབ་བྱས་ནས་ཁོ་རེ་ཡའི་ཕྱེད་གླིང་ཕྲན་གྱི་གནས་བབ་རྫ་དྲག་ཏུ་འགྲོ་བའི་གཏམ་བཤད་དང་བྱ་སྤྱོད་སྤེལ་མི་རུང་། ཁོ་རེ་ཡའི་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་བྱེད་པར་མདོར་བསྡུས་ནས་བཤད་ན་གླེང་མོལ་དང་གྲོས་མོལ། ཆབ་སྲིད་སོགས་ཀྱི་ཐད་ནས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཨ་རིའི་ཕྱོགས་དང་སྤེལ་རེས་བྱ་འདོད་ཡོད་ལ། ཁོ་རེ་ཡའི་ཕྱེད་གླིང་གི་རྡུལ་ཉིང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་ཡོད།

ཐེ་རོན་ཕུས། ཀྲུང་གོས་ཁོ་རེ་ཡའི་ཕྱེད་གླིང་ཕྲན་གྱི་རྡུལ་ཉིང་གནད་དོན་ཐད་ བཏོན་པའི་ནུས་པར་བསམ་ཤེས་གང་ལེགས་བྱ་རྒྱུ་མ་ཟད་ཨ་རིའི་ཕྱོགས་ནས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་སྤེལ་རེས་བྱ་འདོད་ཡོད་ཅེས་གསུངས་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བྱམས་པ་ཚེ་རིང་།