ཞི་ཅིན་ཕིང་ནས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་བསྐྱོན་རེས་གནང་བ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུའུ་དང་ཞལ་པར་བསྐྱོན་རེས་གནང་ཡོད།

ཞི་ཅིན་ཕིང་གིས། ང་རང་ནས་ཙུང་ཐུང་སྐུ་ཞབས་དང་ཟླ་བ་གོང་མར་འཇར་མན་ཧན་པའོ་རུ་ཐུག་འཕྲད་ཞུས་ཡོད། ང་གཉིས་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཡིན་པའི་ངོས་ནས། ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་། ཀྲུང་ཨ་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུའི་ཐད་ནས་བཤད་ནའང་གལ་ཆེན་པོ་ཡིན། ཕྱོགས་གཉིས་པོས་མུ་མཐུད་དེ་ང་རང་དང་ཙུང་ཐུང་སྐུ་ཞབས་བར་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་། སྐད་ཆ་ཤོད་རེས་དང་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་རྒྱུ། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ། ཕ་རོལ་གྱི་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུ། ཀྲུང་ཨ་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་མདུན་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོའི་ཕྱོགས་ནས་ཙུང་ཐུང་སྐུ་ཞབས་ལོ་འདིའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་རྒྱུར་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་ལས་དོན་ཚོགས་པས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་གྲ་སྒྲིག་ལས་དོན་ཁག་ཡག་པོ་སྒྲུབ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་རེད།

ཐེ་རོན་ཕུས། ཧན་པའོ་ཐུག་འཕྲད་གནང་མཇུག་སྒྲིལ་རྗེས་སླར་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཞལ་པར་ཐོག་ནས་འབྲེལ་བ་བྱ་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། ང་རང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་གལ་ཆེའི་གནད་དོན་ཐད་འབྲེལ་གཏུག་དང་མཐུན་སྦྱོར་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་པོས་བང་རིམ་ཁག་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུར་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། མིག་སྔར་ཨ་ཀྲུང་འབྲེལ་བའི་འཕེལ་ཕྱོགས་རྣམ་པ་བཟང་པོ་ཡོད་པ་དང་། འཕེལ་རྒྱས་སྔར་ལས་ལྷག་པ་ཡོང་རྒྱུར་ང་རང་ནས་ཡིད་ཆེས་བཻཡད་པ་དང་། ང་རང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཞུ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་ནས་མིག་སྔའི་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ཐད་དགོངས་འཆར་བརྗེ་རེས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨ་རིས་གཉིས་པོར་ཁོ་རེ་ཡ་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་དང་།ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ཐད་ཐུན་མོང་ཁེ་ཕན་ལྡན་ཡོད། མིག་སྔར། འབྲེལ་ཡོད་ཕྱོགས་ཁག་ནས་བཟོད་སྒོམ་རྒྱུན་འཁྱོངས་བྱས་ནས། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དུས་བབ་ཛ་དྲག་ཏུ་འགྲོ་བའི་གཏམ་བརྗོད་སྤེལ་རྒྱུ་མེད། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་རྡུལ་ཉིང་གནད་དོན་ཐག་གཅོད་བྱ་རྒྱུ་དེ། མཐར་གཏུག་ནས་བཤད་ན་སྐད་ཆ་ཤོད་རེས་དང་། ཆབ་སྲིད་ཐོག་ནས་གནད་དོན་ཐག་གཅོད་བྱེད་པའི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པར་རག་ལས་ཡོད། ཀྲུང་གོའི་ཕྱོགས་ནས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་ཨ་རི་ཕྱོགས་དང་འབྲེལ་གཏུག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཐེ་རོན་ཕུས། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་གནད་དོན་ཐད་ཀྲུང་གོས་འདོན་པའི་ནུས་པར་བསམ་ཤེས་བྱེད་ཀྱི་ཡོད། ཨ་རིས་ཀྲུང་གོའི་ཕྱོགས་དང་མུ་མཐུད་དེ་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གལ་ཆའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་འདོད་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མཚམས་གཅོད།