ལིའུ་ཡུན་ཧྲན་གྱིས་རོ་མ་ནི་ཡར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། རོ་མ་ནི་ཡའི་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི། གྲོས་ཚོགས་སྨད་པའི་གྲོས་དཔོན་དེ་སླ་གྷེ་ནའེ་ཡའི་གདན་ཞུས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན་གྱིས་སྤྱི་ཚེས་༡༢ཉིན་ནས་སྤྱི་ཚེས་༡༥ཉིན་བར་རོ་མ་ནི་ཡར་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ་དང་། པུ་ཆ་རེ་སི་ཐེར་ཁག་སོ་སོར་དེ་སླ་གྷེ་ནའེ་ཡ་དང་ཙུང་ལི་ཐུའུ་ཏོ་སའེ་དང་མཇལ་འཛོམས་གནང་བ་མ་ཟད། སྤྱི་ལོ་༢༠༡༧ལོའི་ཀྲུང་གོ་དང་ཡོ་རབ་དབུས་ཤར་སྲིད་ཏང་གི་སྐད་ཆ་ཤོད་རེས་ཚོགས་འདུར་བཞུགས་ཡོད་པ་རེད།

དེ་སླ་གྷེ་ནའེ་ཡ་དང་མཇལ་འཛོམས་གནང་སྐབས། ལིའུ་ཡུན་ཧྲན་གྱིས། རྒྱལ་ཁབ་གཉིས་པོའི་སྲིད་འཛིན་ཏང་གིས་མཐོ་རིམ་བར་གྱི་འགྲོ་འོང་དམ་ཟབ་བྱེད་པ་དང་། ས་གནས་དང་། གཞོན་ནུ། བུད་མེད་བཅས་ཀྱི་སྒྲིག་འཛུགས་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཆབ་སྲིད་རྨང་གཞི་དང་སྤྱི་ཚོགས་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཐུའུ་ཏོ་སའེ་དང་མཇལ་འཛོམས་གནང་སྐབས། ལིའུ་ཡུན་ཧྲན་གྱིས་ཁོང་རེས་བསྐོར་གསར་པའི་སྲིད་གཞུང་གི་ཙུང་ལིར་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་གནང་བ་དང་། ལིའུ་ཡུན་ཧྲན་གྱིས། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྱོང་དང་དེ་བཞིན་དེའི་སྒྲོམ་གཞིའི་ནང་གི་༼བཅུ་དྲུག་ཐོན་གཅིག་སྣོན་མཉམ་ལས་༽ཀྱི་སྟེགས་བུའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་དང་། ནུས་ཁུངས། དངུལ་རྩ། རིག་གནས། སློབ་གསོ། སྒྱུ་རྩལ། ཡུལ་སྐོར་སོགས་ཁྱབ་ཁོངས་ནང་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གང་མང་ཐོབ་པ་བྱ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

འཚམས་འདྲི་གནང་རིང་། ལིའུ་ཡུན་ཧྲན་གྱིས་སྤྱི་ལོ་༢༠༡༧ལོའི་ཀྲུང་གོ་དང་ཡོ་རབ་དབུས་ཤར་སྲིད་ཏང་བར་གྱི་སྐད་ཆ་ཤོད་རེས་ཚོགས་འདུར་བཞུགས་གནང་བ་དང་། འགོ་བརྗོད་དུ་དར་གོས་ལམ་བུའི་སྙིང་སྟོབས་དར་སྤེལ་བཏང་ནས། ཀྲུང་གོ་དང་ཡོ་རབ་དབུས་ཤར་རྒྱལ་ཁབ་ཁག་གི་མི་དམངས་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་གསུངས་བཤད་གནང་ཡོད། ཚོགས་འདུ་མ་འཚོགས་གོང་། ལིའུ་ཡུན་ཧྲན་གྱིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྱོང་སྐོར་གྱི་འདྲ་པར་འགྲེམ་སྟོན་དང་རྒྱལ་ཁབ་དེའི་ས་གནས་སྲིད་གཞུང་གི་འོས་སྦྱོར་འགྲེམ་སྟོན་ལ་གཟིགས་སྐོར་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།