ཀྲང་ཏེ་ཅང་གིས་ཕོ་ལན་ལ་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཕོ་ལན་གྱི་གྲོས་ཚོགས་སྨད་པའི་གྲོས་དཔོན་ཁུ་ཧེ་ཆིན་སི་ཅིའི་གདན་ཞུས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་སྤྱི་ཚེས་༡༢ཉིན་ནས་༡༦ཉིན་བར་ཕོ་ལན་དུ་དངོས་གཞིའི་མཛའ་གྲོགས་འཚམས་འདྲི་གནང་བ་དང་། ཧྭ་ཧྲར་རུ་ཁག་སོ་སོར་ཙུང་ཐུང་ཏུའུ་ད་དང་། ཙུང་ལི་ཤི་དེ་ཝོ་དང་མཇལ་འཛོམས་གནང་བ་དང་། གྲོས་ཚོགས་སྨད་པའི་གྲོས་དཔོན་ཁུ་ཧེ་ཆིན་སི་ཅི་དང་གྲོས་ཚོགས་སྟོད་པའི་གྲོས་དཔོན་ཁ་ཆི་ཧྥུ་སི་ཅི་དང་ཁག་སོ་སོར་གླེང་མོལ་གནང་ཡོད་པ་རེད།

ཙུང་ཐུང་ཏུའུ་ད་དང་མཇལ་འཛོམས་གནང་སྐབས་ཀྲང་དེ་ཅང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛའ་བརྩེའི་འཚམས་འདྲི་བརྒྱུད་ཞུ་གནང་ཡོད། ཁོང་གིས། ཀྲུང་གོའི་ཕྱོགས་ནས་ཕོ་ལན་དེ་ཉིད་ཀྲུང་གོ་དང་ཡོ་རོབ་དབུས་ཤར་དང་ཡོ་རོབ་མནའ་འབྲེལ་གྱི་མཉམ་ལས་རོགས་པ་གལ་ཆེན་ལ་བརྩི་གི་ཡོད། ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་བཅུ་དྲུག་ཐོག་གཅིག་སྣོན་གྱི་མཉམ་ལས་ཞེས་པ་ལས་ཐོབ་པའི་གོ་སྐབས་གསར་པར་དམ་འཛིན་བྱས་ཏེ། དཔལ་འབྱོར་ཉོ་ཚོང་དང་། མ་འཇོག ས་གནས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཕོ་ལན་གྱི་འབྲེལ་བ་གོང་འཕེལ་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་ཟམ་མི་ཆད་པ་གཏོང་དགོས་ཞེས་དང་། ཏུའུ་ད་ཡིས་ཀྲང་དེ་ཅང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྨོན་འདུན་བཟང་པོ་བརྒྱུད་ཞུ་གནང་རོགས་ཞེས་ཞུས་པ་རེད། ཁོང་གིས། ཕོ་ལན་གྱིས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་བརྒྱུད་ཀྲུང་གོའི་བར་གྱི་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་ཕུན་སུམ་ཇེ་ཚོགས་དང་གོང་འཕེལ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

ཙུང་ལི་ཤི་དེ་ཝོ་དང་མཇལ་འཛོམས་གནང་སྐབས་ཀྲང་དེ་ཅང་གིས། ཕྱོགས་གཉིས་པོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་ནས་ཡོ་རོབ་བར་གྱི་མེ་འཁོར་གྱི་ཚོང་རྟགས་ལེགས་སུ་དང་སྟོབས་ཆེར་བཏང་ནས་ཀྲུང་གོ་དང་ཕོ་ལན་གྱི་མཉམ་ལས་དེ་མུ་མཐུད་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་དགོས་ཞེས་གསུངས་ཡོད།

ཤི་དེ་ཝོས། ཕོ་ལན་ཕྱོགས་ནས་ཀྲུང་གོའི་ཕྱོགས་ཀྱིས་ཕོ་ལན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་ཐེ་ཞུགས་ཧུར་ཐག་བྱས་ཏེ་ཁེ་ལས་འབྲིང་ཆུང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་དགའ་བསུ་ཞུ་གི་ཡིན། ཕོ་ལན་ཕྱོགས་ནས་བཅུ་དྲུག་ཐོག་གཅིག་སྣོན་གྱི་མཉམ་ལས་ཞེས་པ་དང་ཡོ་རོབ་དང་ཀྲུང་གོའི་བར་གྱི་མཉམ་ལས་ཁྲོད་མུ་མཐུད་དགེ་མཚན་ལྡན་པའི་སྐུལ་འདེད་ནུས་པ་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།

གྲོས་ཚོགས་སྨད་པའི་གྲོས་དཔོན་ཁུ་ཧེ་ཆིན་སི་ཅི་དང་གྲོས་ཚོགས་སྟོད་པའི་གྲོས་དཔོན་ཁ་ཆི་ཧྥུ་སི་ཅི་དང་ཁག་སོ་སོར་གྲོས་མོལ་གནང་སྐབས་ཀྲང་དེ་ཅང་གིས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲོས་འགོ་དོན་ཚན་ཁག་གསུམ་བཏོན་གནང་ཡོད་པ་སྟེ། དེ་ཡང་གཅིག་ནི། ཕན་ཚུན་བར་གྱི་ཤེས་རྟོགས་དང་ཡིད་ཆེས་ཟམ་མི་ཆད་པར་ཤུགས་ཆེར་བཏང་ནས་ཕྱོགས་གཉིས་པོའི་བར་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གལ་ཆེའི་གནད་དོན་ཐད་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནི། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་རྒྱལ་སྐྱོང་སྲིད་འཛིན་ཐད་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིམས་ལུགས་ཀྱི་འགན་སྲུང་མཁོ་འདོན་བྱེད་དགོས། གསུམ་ནི། རིག་གནས་དང་། སློབ་གསོ། ཡུལ་སྐོར་སོགས་མི་ཆོས་རིག་གནས་ཁྱབ་ཁོངས་ཀྱི་མཛའ་གྲོགས་འགྲོ་འོང་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་སྤྱི་ཚོགས་དང་དམངས་འདོད་རྨང་གཞི་བརྟན་དུ་གཏོང་དགོས་པ་བཅས་རེད། གྲོས་མོལ་གནང་གྲུབ་རྗེས་ཀྲང་དེ་ཅང་དང་ཁུ་ཧེ་ཆིན་སི་ཅིས་ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་ཕོ་ལན་གྱི་གྲོས་ཚོགས་སྨད་པའི་བར་གྱི་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མིང་རྟགས་བཀོད་གནང་ཡོད་པ་རེད།

འཚམས་འདྲི་གནང་རིང་། ཀྲང་དེ་ཅང་གིས་ཀྲུང་གོ་དང་ཕོ་ལན་གྱི་མཛའ་གྲོགས་མི་སྣ་དང་བཞུགས་མོལ་གནང་ཡོད། ཀྲང་དེ་ཅང་གིས་ད་དུང་ཀྲུང་གོ་དང་ཕོ་ལན་གྱི་རྒྱུད་གཅིག་ལམ་གཅིག་དང་ཟོག་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་གནང་བ་མ་ཟད་ཤིས་ཚིག་གསུངས་གནང་བ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།