ཞི་ཅིན་ཕིང་གིས་རྒྱལ་ཡོངས་དངུལ་རྩའི་ལས་དོན་གྲོས་ཚོགས་གསུང་བཤད་གནང་བ།
སྤེལ་བའི་དུས་ཚོད། : 2017-07-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༧པའི་ཚེས་༡༤ཉིན་ནས་༡༥ཉིན་བར་རྒྱལ་ཡོངས་དངུལ་རྩའི་ལས་དོན་གྲོས་ཚོགས་དེ་པེ་ཅིན་དུ་སྐོང་འཚོགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད།

ཁོང་གིས། དངུལ་རྩ་ནི་རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་གལ་ཆེན་ཞིག་ཡིན་པས་དངུལ་རྩའི་བདེ་འཇགས་དེ་རྒྱལ་ཡོངས་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། དངུལ་རྩའི་ལམ་ལུགས་དེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་གལ་ཆེན་ཞིག་ཡིན། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པ་དང་། བརྟན་པོའི་ཁྲོད་དུ་ཡར་ཐོན་འགྲོ་བའི་ལས་དོན་གྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས་པ། དངུལ་རྩའི་གོང་འཕེལ་ཆོས་ཉིད་ལ་བརྩི་སྲུང་བྱེད་དགོས་པ། དངོས་གཟུགས་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་ཚོད་འཛིན། དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་ཀྱི་ལས་འགན་གསུམ་པོར་དམ་པོར་དམིགས་ནས། དངུལ་རྩའི་སྙོམས་འཛིན་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དེང་རབས་དངུལ་རྩའི་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ། དེང་རབས་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲོམ་གཞི་འཛུགས་རྒྱུར་སྐུལ་འདེད་གཏོང་བ། དངུལ་རྩའི་གོང་འཕེལ་གཏོང་ཐབས་བརྗེ་བསྒྱུར་བྱེད་མགྱོགས་སུ་གཏོང་བ། དངུལ་རྩ་ཁྲིམས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་ལ་འགན་སྲུང་དང་དཔལ་འབྱོར་དང་དངུལ་རྩ་འཁོར་རྒྱུག་བཟང་པོ་དང་བདེ་བླག་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་བ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གྲོས་ཚོགས་ཐོག་གསུང་བཤད་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཡུས་ཀྲེང་ཧྲེང་དང་། ཝང་ཇི་ཧྲན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རང་རྒྱལ་གྱི་དངུལ་རྩའི་བསྒྱུར་བཅོས་གོང་འཕེལ་ལ་གྲུབ་འབྲས་གསར་པ་ཆེན་པོ་འཐོབ་ཡོད་པ་དང་། དངུལ་རྩའི་ལས་སྒོ་གོང་འཕེལ་བྱེད་མགྱོགས་སུ་འགྲོ་བ་རྒྱུན་འཁྱོངས་ཐུབ་ཡོད། དངུལ་རྩའི་ཐོན་རྫས་ཉིན་རེ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་པ་དང་། དངུལ་རྩའི་ཞབས་ཞུའི་ཀུན་ཕན་རང་བཞིན་ཤུགས་ཆེར་འགྲོ་བ། དངུལ་རྩའི་བསྒྱུར་བཅོས་ལ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་སྤེལ་གཏོང་བཞིན་པ། དངུལ་རྩའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་འགྲོ་བ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དང་དངུལ་རྩའི་ཕྱོགས་གཉིས་སྒོ་འབྱེད་ལ་འཕེལ་རིམ་གསར་པ་འཐོབ་ཡོད། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ལེགས་བཅོས་གཏོང་ཐུབ་ཡོད། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་གཏན་ནས་མི་ཐོན་པ་བྱེད་པའི་ནུས་པ་ཇེ་ཆེར་ཕྱིན་ཡོད་ཅེས་དང་།

ཞི་ཅིན་ཕིང་གིས། དངུལ་རྩའི་ལས་དོན་ལེགས་པོ་བསྒྲུབ་དགོས་ན་གཤམ་གྱི་རྩ་དོན་གལ་ཆེན་འགའ་ཤས་ཁོང་དུ་ཆུད་པ་བྱེད་དགོས་པ་སྟེ། དེ་ཡང་གཅིག་ནས་དངུལ་རྩས་དངོས་གཟུགས་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་འགོ་འཛུགས་ས་དང་དམིགས་ཡུལ་དུ་འཇོག་རྒྱུ་དང་། དེ་བས་མང་བའི་དངུལ་རྩའི་ཐོན་ཁུངས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་འགྲོ་བའི་ཁྱབ་ཁོངས་གལ་ཆེན་དང་ཉམ་ཞན་ལྷུ་ཚིགས་ཐོག་བཀོད་སྒྲིག་བྱེད་རྒྱུ་དང་དེ་བས་ལེགས་པའི་སྒོ་ནས་མི་དམངས་མང་ཚོགས་དང་དངོས་གཟུགས་དཔལ་འབྱོར་གྱི་སྣ་མང་རང་བཞིན་གྱི་དངུལ་རྩའི་དགོས་མཁོ་སྐོང་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་གྲུབ་ཆ་ལེགས་འགྱུར་གྱིས་དངུལ་རྩའི་ཁྲོམ་ར་དང་དངུལ་རྩའི་ལས་ཁུངས། དངུལ་རྩའི་ཐོན་རྫས་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་རྒྱུ། གསུམ་ནས་དངུལ་རྩའི་ལྟ་སྐུལ་དོ་དམ་ཤུགས་ཆེར་གཏོང་རྒྱུས་གཙོ་གནད་བྱས་ནས། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་སྔོན་འགོག་བྱེད་རྒྱུ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཇེ་མགྱོགས་འཛུགས་རྒྱུ་དང་སྤྱི་ཁོག་ནན་ཏན་དོ་དམ་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱུ། བྱེད་ནུས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ། བྱ་སྤྱོད་ཀྱི་ལྟ་སྐུལ་དོ་དམ་ལ་དེ་བས་མཐོང་ཆེན་བྱེད་དགོས། བཞི་ནས་ཁྲོམ་རས་དངུལ་རྩའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་གཏན་འཁེལ་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་བཅས་ཡིན་ཞེས་དང་།

ཁོང་གིས། དངུལ་རྩ་ནི་དངོས་གཟུགས་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་པས་དངོས་གཟུགས་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་ནི་དངུལ་རྩའི་འགན་དཀྲི་ཞིག་ཡིན་ཁར། དངུལ་རྩའི་དམིགས་འབེན་ཞིག་ཡིན་ལ། དངུལ་རྩའི་ཉམས་ཉེན་སྔོན་འགོག་གི་རྩ་བའི་བྱེད་ཐབས་ཤིག་ཀྱང་ཡིན། མཁོ་སྤྲོད་ཕྱོགས་ཀྱི་བསགས་འབོར་བསྐྱར་སྒྲིག་དང་འཕར་ཚད་ལེགས་འགྱུར། སྒུལ་ནུས་སྤོ་བསྒྱུར་བཅས་ལ་དེ་བས་མཐོང་ཆེན་བྱེད་དགོས། ཐད་ཀའི་དངུལ་རྩ་གོང་འཕེལ་གཏོང་རྒྱུ་དེ་གནས་བབ་གལ་ཆེན་ཐོག་ཏུ་འཇོག་རྒྱུ་དང་། གཞན་རྒྱུད་དངུལ་རྩ་རུབ་བསྡུས་གྲུབ་ཆབ་ལེགས་བཅོས་བྱེད་དགོས་པ་དང་། གཞུང་ལ་དབང་བའི་དངུལ་ཁང་ཆེ་རིགས་ཀྱི་འཐབ་ཇུས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དང་དངུལ་ཁང་འབྲིང་ཆུང་དང་དམངས་གཉེར་དངུལ་རྩའི་ལས་ཁུངས་གོང་འཕེལ་གཏོང་དགོས། འགན་བཅོལ་ལས་རིགས་ཀྱིས་ཉེན་འགོག་དོ་དམ་དང་འགན་སྲུང་ཀྱི་བྱེད་ནུས་ཁྲོད་ཡུན་རིང་གཟབ་བརླིང་གི་ནུས་པ་འདོན་སྤེལ་ཐུབ་པ་བྱེད་དགོས། ཀུན་ཕན་དངུལ་རྩའི་མ་ལག་འཛུགས་རྒྱུ་དང་ཁེ་ལས་ཆུང་གྲས་དང་ཞིང་གསུམ། ཐག་རིང་ས་ཁུལ་བཅས་ཀྱི་དངུལ་རྩའི་ཞབས་ཞུར་ཤུགས་སྣོན་བརྒྱབ་སྟེ། དངུལ་རྩས་གནད་འཕིགས་དབུལ་སྐྱོར་ལ་སྐུལ་འདེད་གཏོང་རྒྱུ་དང་སྦགས་མེད་དངུལ་རྩ་གོང་འཕེལ་གཏོང་རྒྱུར་བསྔགས་སྐུལ་བྱེད་དགོས། བར་གྱི་ལས་སྒོའི་ལྷུ་ཚིགས་གཙང་སེལ་ཚད་ལྡན་བཟོས་ནས་ངོ་བོ་འགྱུར་སྟེ་དངོས་གཟུགས་དཔལ་འབྱོར་མ་རྩ་རུབ་བསྡུས་ཀྱི་མ་གནས་མཐོ་རུ་གཏོང་བ་མ་བྱུང་སྔོན་འགོག་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་སྔོན་འགོག་བྱ་རྒྱུ་ནི་དངུལ་རྩའི་ལས་ཀའི་འགྱུར་མེད་ཀྱི་བརྗོད་བྱ་གཙོ་བོ་ཡིན། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་བྱེད་དགོས་པ་དང་། སྔ་ཙམ་ཤན་འབྱེད་དང་སྔ་ཙམ་སྔོན་འགོག སྔ་ཙམ་ཤེས་རྟོགས། སྔ་ཙམ་ཐག་གཅོད་བཅས་བྱེད་དགོས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དོགས་ཟོན་དང་སེལ་རྒྱུར་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་གྱི་བུན་ཟུག་ཉུང་གཏོང་ལ་སྐུལ་འདེད་གཏོང་བ། བརྟན་པོ་དང་སྐྱོན་བྲལ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། གཞུང་ཁོངས་ཁེ་ལས་ཀྱི་བུ་ལོན་ཉུང་དུ་གཏོང་རྒྱུ་དེ་གལ་ཆེའི་ནང་ནས་འགངས་ཆེར་རྩིས་ནས། འཕེལ་མེད་ཁེ་ལས་ཀྱི་ལས་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་དགོས། རིམ་ཁག་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་ས་གནས་སྲིད་གཞུང་གི་བུ་ལོན་མང་དུ་འགྲོ་རྒྱུར་ཚོད་འཛིན་ནན་པོ་བྱེད་དགོས་པ་དང་། ཚེ་གང་བདའ་འདེད་དང་འགན་འཁྲི་ལྡོག་བཤེར་བྱེད་དགོས། དངུལ་རྩའི་ཁྲོམ་རའི་སྒྲིག་ལམ་ལ་འགན་རྐྱེན་ཚབས་ཆེན་བཟོ་བའི་བྱ་སྤྱོད་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། དངུལ་རྩའི་ཁྲོམ་རའི་ཉོ་ཚོང་བྱ་སྤྱོད་ཚད་ལྡན་ནན་པོ་བཟོ་བ། དྲ་སྦྲེལ་གྱི་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། དངུལ་རྩའི་ལས་ཁུངས་ཀྱི་ཉེན་ཁ་དོགས་ཟོན་གྱི་གཙོ་གཟུགས་འགན་འཁྲི་ཆེ་རུ་གཏོང་དགོས། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱབ་ནས། རང་རྒྱལ་གྱི་རྒྱལ་ཚུལ་དང་འཚམས་པའི་དངུལ་རྩའི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་དང་།

ཞི་ཅིན་ཕིང་གིས། དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། དེང་རབས་དངུལ་རྩའི་ཁེ་ལས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། དངུལ་རྩའི་ལྟ་སྐུལ་དོ་དམ་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱབ་ནས། ལྟ་སྐུལ་དོ་དམ་གྱི་མི་འདང་བའི་ཆ་ཁ་གསབ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དངུལ་རྩ་བརྟན་ལྷིང་གོང་འཕེལ་ཨུ་ཡོན་ལྷན་ཁང་བཙུགས་ནས། མི་དམངས་དངུལ་ཁང་གི་སྤྱི་ཁོག་གཟབ་ནན་དོ་དམ་དང་མ་ལག་རང་བཞིན་གྱི་ཉེན་ཁ་དོགས་ཟོན་བྱེད་པའི་འགན་འཁྲི་ཆེ་རུ་གཏོང་དགོས། དངུལ་རྩའི་དོ་དམ་ཚན་པས་ཉེན་ཁ་ཡོད་པ་དུས་ཐོག་ཏུ་ཤེས་རྟོགས་མ་ཐུབ་པ་ནི་འགན་འཛོལ་ཤོར་བ་དང་། ཉེན་ཁ་ཤེས་རྟོགས་ཐུབ་ཀྱང་དུས་ཐོག་ཏུ་དྲན་སྐུལ་དང་ཐག་གཅོད་མ་བྱས་ཡང་འགན་འཛོལ་ཤོར་བའི་ལྟ་སྐུལ་དོ་དམ་གྱི་རྣམ་པ་ནན་པོ་ཞིག་ཆགས་པ་བྱེད་དགོས་ཞེས་དང་།

ཞི་ཅིན་ཕིང་གིས། དངུལ་རྩའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་བཏང་ནས། མི་དམངས་ཤོག་སྒོར་གྱི་འཛའ་ཐང་གྲུབ་པའི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ། མ་རྩའི་རྣམ་གྲངས་ཀྱི་དངུལ་བརྗེ་རེས་ཐུབ་པ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་གི་དངུལ་རྩ་གསར་གཏོད་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་ལམ་ལུགས་ཀྱི་ཇུས་འགོད་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཞི་ཅིན་ཕིང་གིས། དུས་བབ་གསར་པའི་འོག་གི་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པར། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུས་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དངུལ་རྩའི་བསྒྱུར་བཅོས་གོང་འཕེལ་གྱི་ཡང་དག་པའི་ཁ་ཕྱོགས་འགན་སྲུང་བྱེད་དགོས་པ། རྒྱལ་ཁབ་ཀྱི་དངུལ་རྩའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས། དངུལ་རྩའི་ཁོངས་གཏོགས་ཀྱི་འགོ་ཁྲིད་མཉམ་སྡེབ་ཡག་པོ་འཛུགས་དགོས་པ་དང་། ཆབ་སྲིད་ནན་པོ་དང་། སྤྱོད་ཚུལ་བཟང་པོ། ལས་སྒོ་བྱང་ཆུབ་པོ་བཅས་ཀྱི་དངུལ་རྩའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་གདམ་གསེས། བེད་སྤྱོད་བཅས་ཡག་པོ་བྱེད་དགོས་པ་དང་། ལྷག་པར་དུ་དངུལ་རྩའི་རྩེར་སོན་མི་སྣ་གསོ་སྐྱོང་བྱ་རྒྱུར་དོ་སྣང་བྱས་ནས། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་དངུལ་རྩའི་ཤེས་ལྡན་པའི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྱོང་བྱ་རྒྱུར་འབད་བརྩོན་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

ལི་ཁེ་ཆང་གིས་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། དངུལ་རྩ་ནི་རྒྱལ་ཁབ་ཀྱི་ཡོ་བྱད་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན། དངོས་གཟུགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་རྒྱུས་གཞི་རྩའི་དམིགས་འབེན་བྱས་ཏེ། མ་ལག་རང་བཞིན་གྱི་ཉེན་ཁ་དོགས་ཟོན་དང་སེལ་རྒྱུ་དེ་ལྟེ་བའི་དམིགས་འབེན་ལ་རྩིས་བ་དང་། དངུལ་རྩའི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གཞི་རྩའི་འགུལ་ཤུགས་ལ་རྩིས་ནས། དཔལ་འབྱོར་དང་དངུལ་རྩའི་ཁོར་རྒྱུག་བཟང་པོ་དེར་སྐུལ་འདེད་གཏོང་དགོས། ཀུན་ཕན་དངུལ་རྩ་གོང་འཕེལ་ཧུར་ཐག་བཏང་ནས། གསར་གཏོད་ཀྱིས་གོང་འཕེལ་ལ་སྒུལ་ཤུགས་སྦྱིན་པ་དང་། འགུལ་ནུས་གསར་རྙིང་བརྗེ་བ། གསར་གཏོད་གཉིས་ཀྱིས་ལས་ཞུགས་ལ་འདེགས་སྐྱོར་བྱ་རྒྱུར་སྐུལ་འདེད་སོགས་ཀྱི་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱབ་ནས། འགན་བཅོལ་ཁྲོམ་རའི་ཉེན་ཁ་འགན་སྲུང་གི་ནུས་པ་ཆེ་རུ་གཏོང་དགོས། ཁྲོམ་རར་འཛུལ་བའི་སྒོ་ཐེམ་བརྟན་པོ་བཟོ་བ་དང་། མ་མཐའི་ཚད་གཞི་གསུམ་ལས་འགལ་བ་རྣམས་སྔ་ཙམ་བཀག་འགོག་དང་ཐག་གཅོད་བྱེད་དགོས་པ། དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་ཆེད་ལས་རང་བཞིན་དང་གཅིག་གྱུར་རང་བཞིན། ཁ་གསལ་རང་བཞིན་བཅས་ལ་ཤུགས་སྣོན་རྒྱག་པ། དངུལ་རྩའི་ལས་རིགས་ཚང་མ་ལྟ་སྐུལ་དོ་དམ་ནང་འཇུག་དགོས། དངུལ་རྩའི་ལས་རིགས་ཕྱོགས་གཉིས་ཀར་སྒོ་དབྱེ་བྱེད་ཤུགས་བརྟན་པོའི་ངང་རྒྱ་སྐྱེད་བཏང་ནས། སྤུས་ཀ་ལེགས་ཤིང་ནུས་པ་མཐོ་བའི་དངུལ་རྩའི་ཞབས་ཞུས་དཔལ་འབྱོར་བརྟན་པོའི་ངང་མྱུར་ཚད་མགྱོགས་འབྲིང་གི་ཐོག་ནས་འཕར་སྣོན་འགྲོ་རྒྱུ་དང་། ཆུ་ཚད་མཐོ་འབྲིང་ལ་སླེབས་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།