ཀྲུང་གུང་ཀྲུང་དབྱང་གི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་གྱི་སྲོལ་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས།
སྤེལ་བའི་དུས་ཚོད། : 2017-07-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་དོན་འཁྱོལ་དང་། ཆབ་སྲིད་སྐོར་ཞིབ་གཏིང་ཟབ་ཏུ་གཏོང་བ། སྐོར་ཞིབ་ལྟ་སྐུལ་གྱི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་རལ་གྲིའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱེད་པ་བཅས་ཀྱི་ཆེད་དུ་ཏང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག་ལ་གཤམ་གསལ་གྱི་བཟོ་བཅོས་བྱ་རྒྱུའི་གཏན་འབེབས་བྱས་ཡོད་པ་སྟེ།

གཅིག སྲོལ་ཡིག་དོན་ཚན་དང་པོ་དེ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་པོ་བྱེད་པའི་བླང་བྱ་དོན་འཁྱོལ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་པོ་ཡོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་སྐྱེ་ཁམས་གཙང་སེལ་བྱེད་པ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྐོར་ཞིབ་ལས་དོན་ཚད་ལྡན་བཟོ་བ་བཅས་ཀྱི་ཆེད། ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་གཞིར་བཟུང་ནང་དོན་འདི་གཏན་འབེབས་བྱས་ཡོད་ཅེས་པར་བཟོ་བཅོས་བྱས་ཡོད།

གཉིས། དོན་ཚན་གཉིས་པའི་ནང་གསེས་དང་པོ་དེ་ནང་གསེས་གསུམ་ལ་དབྱེ་བ་དང་། དེ་སྔའི་དོན་ཚན་དང་པོ་དེ་ཏང་ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་བཅས་ལ་སྐོར་ཞིབ་ལམ་ལུགས་ལག་བསྟར་དང་། ཆེད་མངག་སྐོར་ཞིབ་བྱེད་མཁན་ལས་ཁུངས་འཛུགས་པ། སྐབས་གཅིག་གི་འགན་ཡུན་ནང་དོ་དམ་བྱེད་སའི་ས་གནས་དང་། སྡེ་ཁག ཁེ་ལས་དང་བྱ་གཞག་ཚན་པ་བཅས་ཀྱི་ཏང་རྩ་འཛུགས་ལ་ཁྱོན་ཡོངས་ནས་སྐོར་ཞིབ་བྱ་རྒྱུར་བཟོ་བཅོས་བྱས་ཡོད།
དོན་ཚན་གཉིས་པ་ཁ་སྣོན་བརྒྱབ་ཡོད་པ་སྟེ། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་དང་སྡེ་ཁག ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གི་ཏང་ཙུའུ་ལ་སྐོར་ཞིབ་ལམ་ལུགས་ལག་བསྟར་བྱེད་ཆོག་པ་དང་། སྐོར་ཞིབ་ལས་ཁུངས་འཛུགས་པ། དོ་དམ་བྱེད་སའི་ཏང་རྩ་འཛུགས་ལ་སྐོར་ཞིབ་དང་ལྟ་སྐུལ་བྱ་རྒྱུ། དོན་ཚན་གསུམ་པ་ཁ་སྣོན་བརྒྱབ་ཡོད་པ་སྟེ། ཏང་གི་གྲོང་ཁྱེར་དང་། ས་གནས། ཁུལ། མོང་དང་། རྫོང་། རྫོང་རིམ་པའི་གྲོང་ཁྱེར། ཆུས། ཆི་བཅས་ཀྱི་ཨུ་ཡོན་ལྷན་ཁང་གིས་སྐོར་ཞིབ་ལམ་ལུགས་འཛུགས་པ་དང་། སྐོར་ཞིབ་ལས་ཁུངས་འཛུགས་པ། དོ་དམ་བྱེད་སའི་ཏང་རྩ་འཛུགས་ལ་སྐོར་ཞིབ་དང་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད། དེ་སྔའི་དོན་ཚན་གཉིས་པ་དང་བཞི་པ་སྟེ། སྐོར་ཞིབ་ལྟ་ཞིབ་ལས་དོན་སྤེལ་མཁན་ཏང་རྩ་འཛུགས་ཀྱིས་སྐོར་ཞིབ་ལྟ་ཞིབ་ལས་དོན་གྱི་འགན་གཙོ་བོ་འཁུར་དགོས་པར་བཟོ་བཅོས་བྱས་ཡོད།

གསུམ། དོན་ཚན་གསུམ་པ་དེ་སྐོར་ཞིབ་ལས་དོན་གྱིས་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་། རིག་ལམ་གསར་པ། འཐབ་ཇུས་གསར་པ་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་འདུ་ཤེས་དང་། གནས་བབ་ཧྲིལ་པོའི་འདུ་ཤེས། སྲོག་ཤིང་འདུ་ཤེས། མིག་དཔེའི་འདུ་ཤེས་བཅས་བརྟན་པོ་འཛུགས་པ། བློ་བརྟན་འགྱུར་མེད་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པ། གཅིག་གྱུར་འཆར་འགོད་ངང་གནས་ལྔ་གཞི་གཅིག་ཅན་གྱི་སྤྱིའི་བཀོད་སྒྲིག་ལ་སྐུལ་འདེད་དང་མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་ཇུས་ལ་སྐུལ་འདེད། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིད་ཆེས་དང་། རིགས་གཞུང་ཡིད་ཆེས། ལམ་ལུགས་ཡིད་ཆེས། རིག་གནས་ཡིད་ཆེས་བཅས་བརྟན་དུ་གཏོང་བ། ཏང་གི་སྒྲིག་ཡིག་ལ་གོང་བཀུར་ཞུ་བ་དང་། སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱེད་པ། ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་མཛད་ཕྱོགས་དོན་འཁྱོལ་བྱེད་པ། ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་གཏོང་བ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པ་བཅས་ལ་དོ་ཁུར་བྱེད་པ། གནད་དོན་ཤེས་རྟོགས་དང་། ཟིལ་ཤུགས་ཆགས་པ། སྒྱུར་བཅོས་ལ་སྐུལ་འདེད། གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཏང་འདི་ཉིད་སྔ་བར་ཕྱི་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྟོབས་ཆེའི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་འགྱུར་རྒྱུར་འགན་ལེན་བྱེད་དགོས་པར་བཟོ་བཅོས་བྱས་ཡོད།

བཞི། དོན་ཚན་ལྔ་པའི་ནང་གསེས་གསུམ་པ་དེ་ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ལ་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་སྡེ་ཁག་གི་ཏང་ཙུའུ་དང་ཏང་ཨུད་ཀྱི་སྐོར་ཞིབ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་བཟོ་བཅོས་བྱས་ཡོད།

ལྔ། དོན་ཚན་བཅུ་གཅིག་པའི་ནང་གསེས་དང་པོ་དེ་ཕུགས་བསམ་གྱི་དད་སེམས་བརྟན་དུ་གཏོང་བ་དང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པར་བཟོ་བཅོས་བྱས་ཡོད།
དྲུག དོན་ཚན་བཅོ་ལྔ་པ་དེ་སྐོར་ཞིབ་ཚོགས་ཆུང་གིས་སྐོར་ཞིབ་བྱ་ཡུལ་ལ་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལག་བསྟར་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་པའི་གཙོ་གཟུགས་འགན་ཁྲི་དང་ལྟ་སྐུལ་འགན་ཁྲི་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་བྱ་རྒྱུ་དོན་འཁྱོལ་བྱེད་པ། ཏང་གི་འགོ་ཁྲིད་ཉམས་ཞན་དུ་འགྱུར་བ་དང་། ཏང་འཛུགས་སྐྱོང་མི་འདང་བ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་བྱེད་ཤུགས་མི་འདང་བ། ཏང་གི་འདུ་ཤེས་ཞན་དུ་སོང་བ་དང་། སྒྲིག་འཛུགས་ཁ་འཐོར་བ། སྒྲིག་ཁྲིམས་ལྷོད་དུ་སོང་བ། ཏང་བཅོས་སྐྱོང་དང་ཏང་དོ་དམ་བྱེད་ཤུགས་ཆུང་དུ་སོང་བ་སོགས་ཀྱི་གནད་དོན་ཤེས་རྟོགས་ཐུབ་པ་བྱེད་རྒྱུར་བཟོ་བཅོས་བྱས་ཡོད་པ་སྟེ། གཅིག་ནི། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་ལས་འགལ་བ་དང་། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་འགལ་བའི་གཏམ་སྤྱོད་ཡོད་པ། བཀའ་རྒྱ་ཡོད་ཀྱང་ལག་བསྟར་མི་བྱེད་པ། བཀག་འགོག་བྱས་ཀྱང་མི་བཀག་པ། ངོ་བཀུར་ལྐོག་འགལ། ངན་རུབ་སྒེར་གཉེར། ཚོགས་པ་སྒྲིག་པ། ངན་པ་ཁྱུ་སྒྲིག དེ་བཞིན་འདུ་ཤེས་འཛིན་སྟངས་ལས་ཀའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་མི་བྱུང་བ་སོགས་ཀྱི་གནད་དོན་ཡོད་པ་དང་།
གཉིས་ནི། སྤྱོད་གཙང་སྒྲིག་ཁྲིམས་ལས་འགལ་བ་དང་། དབང་ཆར་བརྟེན་ནས་སྒེར་དོན་སྒྲུབ་པ། ལྐོག་ཟ་ལྐོག་ལེན། རུལ་སུངས་ངན་གྱུར་སོགས་ཀྱི་གནད་དོན་ཡོད་པ། གསུམ་ནི། རྩ་འཛུགས་ཀྱི་སྒྲིག་ལམ་ལས་འགལ་བ་དང་། སྒྲིག་སྲོལ་ལས་འགལ་ནས་མི་བཀོལ་སྤྱོད་བྱེད་པ། དགའ་ཉེ་བསྐོ་བཞག་བྱེད་པ། དཔོན་གནས་རག་ཐབས་བྱེད་པ། དཔོན་གནས་ཉོ་འཚོང་། འདེམས་ཤོག་བསླུ་ཉོ། དེ་བཞིན་བརྒྱ་ཁ་གཅིག་གཅོད། ནུས་མེད་བློ་གཡེང་། མཐུན་སྒྲིལ་བྱ་རྒྱུ་ཚབས་ཆེན་མི་འདང་བ་སོགས་ཀྱི་གནད་དོན་ཡོད་པ།
བཞི་ནི། མང་ཚོགས་ཀྱི་སྒྲིག་ལམ་དང་། ལས་ཀའི་སྒྲིག་ལམ། འཚོ་བའི་སྒྲིག་ལམ་བཅས་ལས་འགལ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱ་ཤུགས་མི་འདང་བ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། རྒྱས་སྤྲོས་རིང་ལུགས། བག་མེད་ཆུད་ཟོས་ཀྱི་སྤྱོད་ངན་སོགས་ཀྱི་གནད་དོན་ཡོད་པ། ལྔ་ནི། སྐོར་ཞིབ་ཚོགས་ཆུང་གཏོང་མཁན་ཏང་རྩ་འཛུགས་ཀྱིས་དེ་མིན་གནད་དོན་ཤེས་རྟོགས་བྱ་རྒྱུའི་བླང་བྱ་བཏོན་པ།

གཏན་འབེབས་འདི་སྤྱི་ལོ་༢༠༡༧ལོའི་ཟླ་བ་༧པའི་ཚེས་༡༠ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། ད་ལྟ་བཟོ་བཅོས་བརྒྱབ་ཟིན་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག་པར་འགྲེམས་བྱ་རྒྱུ་ཡིན།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།