མོང་ཅན་ཀྲུའུ་ཡིས་སྲིད་ཁྲིམས་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2017-06-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་མོང་ཅན་ཀྲུའུ་ཡིས་སྤྱི་ཚེས་༡༦ཉིན་པེ་ཅིང་དུ། སྤྱི་ལོ་༢༠༡༧ལོ་ནས་བཟུང་གསར་དུ་བསྐོ་བཞག་བྱས་པའི་ཞིང་ཆེན་རིམ་པའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་བཞུགས་མོལ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། ཏང་དང་མི་དམངས་དང་། སྲིད་ཁྲིམས་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་ལོ་རྒྱུས་ཀྱི་འགན་སེམས་ཐོག་ནས། སློབ་སྦྱོང་ལ་ཤུགས་སྣོན་ཟམ་མི་ཆད་པ་རྒྱག་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ། སྲིད་ཇུས་ཀྱི་ཁ་ཕྱོགས་དམ་འཛིན། ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན། ལས་ཀའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། སྲིད་ཁྲིམས་བྱ་གཞག་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

མོང་ཅན་ཀྲུའུ་ཡིས། ཕྱོགས་གཅིག་ནས་མིག་སྔར་དམ་འཛིན་དང་། ཕྱོགས་གཞན་ཞིག་ནས་ཕུགས་ལ་དམ་འཛིན་བྱེད་པ། ཕྱོགས་གཅིག་ནས་རང་ནུས་གང་ལྕོགས་དང་དམ་འཛིན་དང་དོན་འཁྱོལ་བྱེད་མཁས་པོ་བྱས་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་། གནད་དོན་ཐག་གཅོད། ལས་ཀར་སྐུལ་འདེད་བཅས་གཏོང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཕུགས་ཀྱི་མིག་རྒྱང་རིང་པོ་དགོས་ཤིང་། ཁྲིམས་འཛིན་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ་སོགས་ཀྱི་ལམ་ལུགས་འཛུགས་པ་དང་། རྨང་གཞི་འདིང་བ། ཕུགས་ལ་དོ་དམ་བཅས་བྱེད་པའི་ལས་ཀར་དམ་འཛིན་བྱེད་དགོས། ཐོག་མཐའ་བར་གསུམ་དུ་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་ཏང་ལ་ལྷག་བསམ་ལྡན་པ་དང་། མི་དམངས་ལ་ཞབས་ཞུ་སྒྲུབ་པ། ཁྲིམས་འཛིན་གཞུང་དྲང་། སྒྲིག་ལམ་ནན་པོ་བཅས་ཀྱི་སྤྱིའི་བླང་བྱར་གཞིགས་ནས། སྲིད་ཁྲིམས་དཔུང་ཁག་ལ་དོ་དམ་ཡག་པོ་དང་འགོ་ཁྲིད་ཡག་པོ་བྱས་ཐོག སྲིད་ཁྲིམས་བྱ་གཞག་གི་གོང་འཕེལ་ཆེད་སྟོབས་ཆེའི་འགན་ལེན་བྱེད་དགོས་ཞེས་ནན་བཏོན་གནང་ཡོད་པ་རེད།

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།