ཡུས་ཀྲེང་ཧྲེང་གིས་སྐབས་དགུ་པའི་མཚོ་འགག་གཡས་གཡོན་གཉིས་ཀྱི་གླེང་སྟེགས་ལ་ཞུགས་པའི་ལས་རིགས་ཁག་གི་མི་སྣ་དང་མཇལ་འཕྲད་གནང་བ།
སྤེལ་བའི་དུས་ཚོད། : 2017-06-18 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྤྱི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོ་ཤ་མན་དུ་སྐབས་དགུ་པའི་མཚོ་འགག་གཡས་གཡོན་གཉིས་ཀྱི་གླེང་སྟེགས་ལ་ཞུགས་པའི་མཚོ་འགག་གཡས་གཡོན་གཉིས་ཀྱི་སྐུ་མགྲོན་འགའ་ཤས་དང་གཙོ་གཉེར་ཚན་པའི་འཐུས་མི་དང་མཇལ་འཛོམས་གནང་བ་རེད།

ཡུས་ཀྲེང་ཧྲེང་གིས། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ངང་གོང་འཕེལ་འགྲོ་བ་བྱ་རྒྱུ་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་ཐུན་མོང་གི་བསམ་འདུན་དང་ཁེ་ཕན་ཞིག་རེད་ལ། ཡང་དག་པའི་ལམ་བུ་ཞིག་ཀྱང་རེད། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ཐོག་ནས་གོང་འཕེལ་གཏོང་བའི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པའི་འགག་རྩ་ནི་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་གྱི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་དང་ཐའེ་ཝན་རང་བཙན་ལ་ངོ་རྒོལ་བྱ་རྒྱུ་དེ་ཡིན། གོ་གཉིས་ལོའི་ ཐུན་མོང་ངོས་འཛིན་གྱི་ལྟེ་བ་ནི་ཀྲུང་གོ་གཅིག་ལས་མེད་པའི་རྩ་དོན་དང་། སྐམ་ས་ཆེན་མོ་དང་ཐེ་ཝན་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་ཁས་ལེན་པ་དེ་ཡིན། དེས་མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་ངོ་བོ་གསལ་སྟོན་བྱས་ཡོད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་དེ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་འབྲེལ་བ་མིན་པ་གསལ་བཤད་བྱས་ཡོད། གནད་དོན་འདི་གསལ་པོ་བྱུང་ན། མཚོ་འགག་གཡས་གཡོན་གཉིས་ཀྱིས་གྲོས་བསྡུར་བྱེད་པ་བརྒྱུད་གནད་དོན་མང་པོའི་ཐག་གཅོད་བྱ་ཐབས་རྙེད་ཐུབ། དམངས་གཙོ་སྐུལ་འདེད་ཏང་དབང་འཛིན་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་ཁས་ལེན་མི་བྱེད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྲུང་གོ་གཅིག་གི་ཁོངས་སུ་གཏོགས་པ་ཁས་མི་ལེན་པས། དེས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ཐོག་ནས་གོང་འཕེལ་འགྲོ་བ་བྱེད་པའི་ཆབ་སྲིད་ཀྱི་རྨང་གཞིར་གཏོར་བཤིག་བཏང་ཡོད། མཚོ་འགག་གཡས་གཡོན་གཉིས་ཀྱི་ངོ་བོ་གསལ་པོ་ཡོང་བ་བྱས་ཐོག བྱ་སྤྱོད་ངོ་མའི་ཐོག་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་དཔྱད་དཔོག་དང་ལེན་བྱ་རྒྱུ་ནི་གཡོལ་ཐབས་མེད་པའི་གནད་དོན་ཞིག་ཡིན་ཞེས་གསུངས་འདུག

ཡུས་ཀྲེང་ཧྲེང་གིས། ད་ལོ་ནི་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་འབྲེལ་བ་མི་བྱེད་པར་སྡོད་པའི་གནས་བབ་གཏོར་ནས་ལོ་ངོ་སུམ་ཅུ་འཁོར་བའི་ལོ་ཞིག་རེད། མིག་སྔར་མཚོ་འགག་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ཐོག་ནས་གོང་འཕེལ་འགྲོ་བར་བརྡབ་གསིག་ཚབས་ཆེན་ཕོག་བཞིན་ཡོད་པས། མཚོ་འགག་གཡས་གཡོན་གཉིས་ཀྱི་དམངས་ཁྲོད་ཀྱི་སྤེལ་རེས་ལ་ཤུགས་སྣོན་དེ་བས་ཆེ་བ་རྒྱབ་ནས། མཚོ་འགག་གཡས་གཡོན་གཉིས་ཀྱི་མང་ཚོགས་དང་ལྷག་པར་དུ་གཞོན་ནུའི་མི་རབས་ནས་སྤེལ་རེས་མང་ཙམ་དང་། ཤེས་རྟོགས་ཟབ་ཏུ་གཏོང་བ། འབྲེལ་འདྲིས་ཟབ་ཏུ་གཏོང་བ། སེམས་པ་དང་སེམས་པའི་བར་ཐག་ཉེ་རུ་གཏོང་དགོས། སྐམ་ས་ཆེན་མོའི་འབྲེལ་ཡོད་སྡེ་ཁག་ནས་སྤུན་ཟླ་ཐའེ་ཝན་བས་སྐམ་ས་ཆེན་མོར་ལས་ཀ་བྱེད་པ་དང་། འཚོ་བ་སྐྱེལ་བར་སྟབས་བདེ་སྐྲུན་པའི་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་འདོན་བཞིན་ཡོད་ཅེས་གསུངས་འདུག

ཀྲུང་གོའི་གོ་མིན་ཏང་གི་ཀྲུའུ་ཞི་ཧུང་ཤུའུ་ཀྲུའུ་སོགས་ཐའེ་ཝན་གྱི་མི་སྣས་གཏམ་བཤད་གནང་སྐབས། དམངས་གཙོ་སྐུལ་འདེད་ཏང་དབང་འཛིན་ལས་ཁུངས་ནས་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་ཐོག་ནས་གོང་འཕེལ་འགྲོ་བའི་ཆབ་སྲིད་རྨང་གཞིར་གཏོར་བཤིག་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་སྡུག་ཏུ་ཕྱིན་པའི་སྐབས་འདིར། མཚོ་འགག་གླེང་སྟེགས་གཉེར་བའི་དོན་སྙིང་ཆེན་པོ་ཡོད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་དེ་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་འོག་བྱེད་པ་དང་། དེར་མཚོ་འགག་གཡོན་གཉིས་ཀྱི་དམངས་སེམས་ཀྱི་ཁས་ལེན་ཡག་པོ་ཐོབ་པ་མཚོན་གྱི་ཡོད། ཐའེ་ཝན་ལས་རིགས་ཁག་གི་མི་སྣས་མཚོ་འགག་གཡོན་གཉིས་ཁྱིམ་གཅིག་ལྟར་བརྩེ་བའི་འདུ་ཤེས་ལ་གཞིགས་ནས། མཚོ་འགག་གཡས་གཡོན་གཉིས་པོའི་དམངས་ཁྲོད་ཀྱི་སྤེལ་རེས་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་མཉམ་ལས་ཟབ་ཏུ་གཏོང་བ། རྒྱུད་གཅིག་ལམ་གཅིག་གི་འཛུགས་བསྐྲུན་ནང་ཞུགས་པ། མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་འགག་གཡོན་གཉིས་ཀྱི་འོད་སྟོང་འབར་བའི་མ་འོངས་པ་བསུ་དགོས་ཞེས་གསུངས་འདུག

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།