ཀྲང་ཀོ་ལི་ཡིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གནང་བ།
སྤེལ་བའི་དུས་ཚོད། : 2017-06-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༦ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀོ་ལི་ཡིས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གནང་ཡོད་པ་རེད།

ཀྲང་ཀོ་ལི་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཐོ་རིམ་གླེང་སྟེགས་སྐབས་དང་པོའི་ཐོག་གནང་བའི་གསུངས་བཤད་གལ་ཆེན་གྱིས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྐོར་ལ་འགྲེལ་བཤད་ཁྱོན་ཡོངས་དང་། ཆ་ཚང་བ། གཏིང་ཟབ་པ་བཅས་གནང་བ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་སྐུལ་འདེད་ཟབ་མོ་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ང་ཚོས་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་ཆུད་པ་བྱེད་པ་དང་། དར་གོས་ལམ་བུའི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ལ་འཕེལ་རིམ་གསར་པ་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད་པ་དང་།

ཀྲང་ཀོ་ལི་ཡིས། འགྲམ་རྒྱུད་རྒྱལ་ཁབ་ཀྱི་གོང་འཕེལ་འཐབ་ཇུས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་ཕྱིའི་བདེ་འཇགས་འགན་ལེན་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཞི་བའི་དར་གོས་ལམ་བུ་འཛུགས་སྐྲུན་བྱེད་པ། གོང་འཕེལ་གྱི་རྩ་བར་གཅིག་འདུས་བྱེད་པ་དང་། མཉམ་འབྲེལ་མཉམ་མཐུད་དང་ཐོན་ལས་མཉམ་ལས་ལ་ཤུགས་སྣོན་རྒྱབ་ནས། དར་རྒྱས་ལྡན་པའི་དར་གོས་ལམ་བུ་གཏོད་དགོས། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང་། མ་འཇོག་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྒོ་དབྱེའི་དར་གོས་ལམ་བུ་གཏོད་པ། གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱེད་པ། མཉམ་འབྲེལ་མཉམ་མཐུད་དང་། གྲངས་གཞི་ཆེན་མོ། སྤྲིན་རྩིས། གྲངས་ཀའི་དཔལ་འབྱོར། མི་ནུས་རེག་ནུས། སྣ་རྨིད་ལག་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གསར་སྐྲུན་གྱི་དར་གོས་ལམ་བུ་གཏོད་པ། མི་ཆོས་རིག་གནས་སྤེལ་རེས་ཀྱི་མཉམ་ལས་རིམ་པ་མང་བ་དང་། ཁྱབ་ཁོངས་རྒྱ་ཆེར་གཏང་རྒྱུར་ཤུགས་སྣོན་རྒྱབ་ནས། དཔལ་ཡོན་ལྡན་པའི་དར་གོས་ལམ་བུ་གཏོད་དགོས་ཞེས་ནན་བཏོན་གནང་ཡོད།

ཀྲང་ཀོ་ལི་ཡིས། མཐོ་རིམ་གླེང་སྟེགས་ཀྱི་གྲུབ་འབྲས་རྣམས་དོན་འཁྱོལ་ཡོང་རྒྱུར་འབད་བརྩོན་གང་ཡོད་བྱས་ཏེ། སྔ་ཙམ་གྲུབ་འབྲས་གསར་པ་གང་མང་ཐོབ་ཐབས་བྱ་དགོས། ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། མཐུས་སྒོ་ཚང་བའི་སྒྲིག་གཞི་བཙུགས་ནས། གླེང་སྟེགས་དེ་ཉིད་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱེད་པ་དང་། མཉམ་ལས་སྟེགས་བུ་མཉམ་སྐྲུན་བྱེད་པ། མཉམ་ལས་གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་ཀྱི་གཞི་རྟེན་སྐྲུན་དགོས་ཞེས་བསྟན་ཡོད། རྒྱལ་སྤྱི་ཅན་གྱི་མ་འཇོག་དང་མ་རྩ་བསྡུ་རུབ་ཀྱི་རྣམ་པ་གསར་བཟོ་བྱེད་པ་དང་། རིམ་པ་མང་བའི་དངུལ་རྩའི་སྟེགས་བུ་འཛུགས་པ། རེག་ནུས་འཛུགས་སྐྱོང་དང་གནད་དོན་གལ་ཆེན་ལ་སྔོན་མཐོང་རང་བཞིན་གྱི་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གླེང་ཕྱོགས་དྲིལ་བསྒྲགས་ལས་དོན་ལེགས་སུ་གཏོང་བ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་སྤྱི་ཚོགས་དམངས་འདོད་རྨང་གཞི་ཆེ་རུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།