ལི་ཁེ་ཆང་གིས་ཧྲན་ཏུང་ཝུའེ་ཧའེ་རུ་རྟོག་ཞིབ་གནང་བ།
སྤེལ་བའི་དུས་ཚོད། : 2017-04-21 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་19ནས་20ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཧྲན་ཏུང་ཝུའེ་ཧའེ་རུ་རྟོག་ཞིབ་གནང་ཡོད་པ་རེད། ཁོང་ཝུའེ་ཧའེ་གྲུ་ཁ་རུ་ཕེབས་ནས་ཕྱིར་གཏོང་ནང་འདྲེན་གྱི་ཉོ་ཚོང་དང་གྲུ་ཁའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་སུ་ཕེབས་ཏེ་གསར་གཏོད་ཀྱིས་དངོས་གཟུགས་དཔལ་འབྱོར་གྱི་རྣམ་པ་སྒྱུར་བ་དང་རིམ་སྤོར་ལ་སྣེ་ཁྲིད་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་གནང་བ། སྨན་ཁང་དུ་ཕེབས་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་སྐྱོང་གི་ཚོད་ལྟའི་གནས་ཚུལ་དང་སྨན་བཅོས་དང་ལུས་གསོ་ཟུང་འབྲེལ་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ལ་ཤེས་རྟོགས་གནང་།

སྤྱི་ཚེས་19ཉིན་གྱི་ཕྱི་དྲོར། ཙུང་ལི་ལི་ཁེ་ཆང་གནམ་གྲུ་ནས་བབས་མ་ཐག་ཝུའེ་ཧའེ་གྲུ་ཁ་རུ་ཕེབས་པ་དང་། ཁོང་གིས། ཝུའེ་ཧའེ་གྲུ་ཁའི་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་དང་། ནང་ཁུལ་གྱི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱེད་དགོས་པ་མ་ཟད། ཤར་རྒྱུད་ལ་ཁ་ཕྱོགས་དགོས་པ་ཕུད། ད་དུང་དབུས་རྒྱུད་དང་ནུབ་རྒྱུད་ལ་རྒྱ་སྐྱེད་གཏོང་དགོས་པ་དང་། ཕྱིར་གཏོང་རྒྱ་བསྐྱེད་དགོས་པ་མ་ཟད། ནང་འདྲེན་ལ་ཡང་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་ཡོད་པ་རེད།

ལི་ཁེ་ཆང་གིས། ཀྲུང་གོ་ནི་དངོས་ཟོག་ཉོ་ཚོང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་མོད། ཡིན་ནའང་ང་ཚོས་ཉོ་ཚོང་དོ་སྙོམས་ཡོང་བའི་རེ་བ་བྱེད་ཀྱི་ཡོད། ང་ཚོར་ཕྱིར་གཏོང་དགོས་ལ་ནང་འདྲེན་ཡང་དགོས། རྒྱུ་མཚན་ནི་ང་ཚོས་ནང་འདྲེན་བྱེད་བཞིན་པ་ནི་རྒྱལ་ནང་ལ་དགོས་པའི་ལག་རྩལ་མཐོ་བའི་ཐོན་རྫས་དང་། མིག་སྔར་འཛད་སྤྱོད་པས་དགའ་བསུ་ཆེན་པོ་ཐོབ་པའི་སྤུས་ཚད་མཐོ་བའི་ཐོན་རྫས་ཡིན། དེ་ལྟར་བྱས་ན་ང་ཚོའི་ཁེ་ལས་ རིམ་འཕར་ཡོང་བར་སྐུལ་ཁྲིད་བྱ་ཐུབ་ཅེས་གསུངས་འདུག

ཉིན་དེའི་ཕྱི་དྲོར། ལི་ཁེ་ཆང་གིས་ད་དུང་ཝེ་ཀོ་ཚོགས་པ་ཀུང་སིར་རྟོག་ཞིབ་གནང་ཞིང་། ཁེ་ལས་དེས་བཙུགས་པའི་སིམ་དབྱེ་ལྟེ་གནས་ཀྱིས་རང་བརྟེན་ཐོན་སྐྱེད་བྱས་པའི་ཟུངས་ཁྲག་སིམ་དབྱེ་སྒྲིག་ཆས་ཆ་ཚང་དེའི་ཐེངས་གཅིག་གི་སྨན་བཅོས་གླ་རིན་1 / 3 གཅོག་ཐུབ་ཡོད་པ་ཤེས་རྗེས། ཙུང་ལི་ཡིས་མཐེ་བོང་བསྒྲེངས་ནས་ཁྱེད་རང་ཚོས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་དང་། སྨན་བཅོས་འགན་བཅོལ་ཐད་བྱས་རྗེས་བཞག་ཡོད་པ་མ་ཟད། ལྷག་པར་དུ་མི་དམངས་ཀྱི་བདེ་ཐང་ལ་ལེགས་སྐྱེས་ཕུལ་འདུག་ཅེས་བསྔགས་བརྗོད་གནང་ཡོད་པ་རེད།

སྤྱི་ཚེས་20ཉིན་གྱི་སྔ་དྲོར། ལི་ཁེ་ཆང་ཝུའེ་ཧའེ་སུན་ཅ་ཐོན་སྨན་ཁང་དུ་ཕེབས་པ་དང་། འདི་ནི་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་སྡེ་ཁུལ་སྨན་ཁང་ཞིག་ཡིན་ཞིང་། ཝུའེ་ཧའེ་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ཡོད།

ལི་ཁེ་ཆང་གིས་གྲོང་ཁྱེར་ཀྲུང་ལུགས་སྨན་ཁང་གི་རིགས་གཅིག་མཁས་པས་སྨན་ཁང་འདིར་ནད་བརྟག་སྨན་བཅོས་བྱེད་ཚུལ་དང་བརྙན་ལམ་རྒྱང་ཁྲིད་ཀྱི་ནད་དཔྱད་སྨན་བཅོས་གནས་ཚུལ་ལ་གཟིགས་པ་དང་། ཁོང་གིས། སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པ་ནི་རྒྱལ་ཁབ་ཀྱི་བྱེད་ཐབས་ཤིག་ཡིན་ཞེས་བཤད་ཆོག་ལ། དོན་དངོས་ཐོག་རྒྱུན་བྱུང་ནད་རིགས་མང་པོ་ཞིག་གཞི་རིམ་སྨན་ཁང་ནས་ཀྱང་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་ མོད། ཡིན་ནའང་ང་ཚོའི་གཞི་རིམ་སྨན་ཁང་གི་སྨན་བཅོས་སྟོབས་ཤུགས་ཀྱིས་མི་འདང་བར་བརྟེན་སྨན་ཁང་ཆེ་གྲས་དང་ཟུང་འབྲེལ་བྱས་ནས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་པ་ཡིན་ཞེས་གསུངས་འདུག

དེ་རྗེས། ལི་ཁེ་ཆང་གིས་ཏི་ཧྲང་ཚོགས་པ་ཀུང་སིར་རྟོག་ཞིབ་གནང་བ་དང་། ཁེ་ལས་འདི་ནི་ཁེ་ལས་ཆུང་ཆུང་ཞིག་ནས་རང་བརྟེན་ཇུས་འགོད་དང་ཐོན་སྐྱེད་བྱེད་པའི་ཁེ་ལས་ཆེན་པོ་ཞིག་འཕེལ་རྒྱས་བྱུང་བ་དང་། དྲ་སྤྲེལ་ཐོག་སྣོན་བརྒྱུད་རང་གི་ཁྱད་ཆོས་དང་ལྡན་པའི་མངགས་བཟོ་མངོན་འགྱུར་བྱུང་བ་དང་། ལོ་རེའི་ཕྱིར་གཏོང་སྡོམ་འབོར་ཨ་སྒོར་དུང་ཕྱུར་15ཟིན་པའི་རྒྱལ་ཁོངས་ལས་བརྒལ་བའི་ཚོགས་པ་ཤིག་ཏུ་གྱུར། ད་ལོའི་དུས་ཚིགས་དང་པོའི་མངགས་ཐོ་བརྒྱ་ཆའི་34འཕར་ཡོད་པ་རེད།

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བདེ་ལྷ་མོ།