ཞི་ཅིན་ཕིང་གིས་ཀོང་ཞི་པའེ་ཧའེ་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་སྐབས་དུས་རབས་གསར་པའི་མཚོ་ཐོག་དར་གོས་ལམ་བུའི་ལེའུ་གསར་པ་ཡག་པོ་གཏོད་དགོས་ཞེས་ནན་བཏོན་གནང་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་བཞི་པའི་ཚེས་༡༩ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་པའེ་ཧའེ་གྲོང་ཁྱེར་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས། རྒྱ་མཚོའི་དཔལ་འབྱོར་གོང་འཕེལ་ཡག་པོ་བཏང་སྟེ་དུས་རབས་གསར་པའི་མཚོ་ཐོག་དར་གོས་ལམ་བུའི་ལེའུ་གསར་པ་ཡག་པོ་གཏོད་དགོས་པའི་ནན་བཏོན་གནང་ཡོད། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ལེའུ་ལེས་གནས་ཚུལ་སྤེལ་བར། པའེ་ཧའེ་གྲོང་ཁྱེར་ཧ་ཕུ་ཡི་ཧན་རྒྱལ་རབས་ཀྱི་རིག་གནས་དངོས་མང་བཤམས་མཛོད་ཁང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་ཐོག་དར་གོས་ལམ་བུའི་རིག་དངོས་སྤུས་ལེགས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཡོད།

རྫ་ཆས་དང་། ལི་ཆས། གསེར་དངུལ་རིགས། ཆུ་ཤེལ་དང་མ་ནོ། སྤོས་ཤེལ་དང་གཡུ་ལ་སོགས་ས་གནས་དེ་གའི་རིག་དངོས་རེ་རེ་ལས་ཧ་ཕུ་དེ་ཉིད་མཚོ་ཐོག་དར་གོས་ལམ་བུའི་ རྡོག་ཐོན་གྲུ་ཁ་ཐོག་མ་དེ་ཡིན་པ་ར་སྤྲོད་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་དངོས་ཀྱི་ལོ་རབས་དང་། ཁྱད་ཆོས། འབྱུང་ཁུངས་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་ཉོ་ཚོང་འགྲོ་འོང་དང་། རིག་གནས་སྤེལ་རེས་ཀྱི་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་ཞིང་འདི་གར་རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པོ་ཡོད་ཅེས་གསུངས་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་མང་བཤམས་སྟོན་ཁང་གིས་གནའ་བོའི་མཚོ་ཐོག་དར་གོས་ལམ་བུར་གཞིགས་ཏེ་འགྲེམས་སྤེལ་བྱས་པའི་རིག་དངོས་ལ་ཁྱད་ཆོས་ལྡན་པར་གདེང་འཇོག་ཡག་པོ་གནང་བ་དང་། ཁོང་གིས། དངོས་མང་བཤམས་སྟོན་ཁང་གི་འཛུགས་སྐྲུན་ཐད་འཛུགས་སྐྲུན་གཅིག་མཚུངས་བྱེད་མི་ཉན་ཞེས་གསུངས་ཡོད།

ཞི་ཅིན་ཕིང་གིས། དངོས་མང་བཤམས་སྟོན་ཁང་ལ་ཁྱད་ཆོས་ལྡན་དགོས། ཕྱི་ཚུལ་གྱི་རྒྱ་ཆེན་པོ་དང་ཆ་ཚང་པོ་མི་དགོས་པར་ཆེ་ཆུང་འཚམ་པོ་དང་། གཤོང་ཚད་འཚམས་པོ་ཡོད་པ། གནས་སྟངས་དང་འཚམས་པོ་བྱུང་ན་འགྲིག་པ་ལས་ཕྱི་ཚུལ་འཚོལ་སྙེག་བྱེད་མི་རུང་ཞེས་གསུངས་པ་རེད།

སྤྱི་ཚེས་༡༩ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆར་པར་མི་འཛེམས་པར་ཀོང་ཞི་པེ་པུའུ་དབན་གྱི་པའེ་ཧའེ་གྲོང་ཁྱེར་ཐེ་ཧྲན་གྲུ་ཁའི་སྤྱི་སྤྱོད་གྲུ་ཁར་རྟོག་ཞིབ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲུ་ཁའི་འཆར་འགོད་དང་འཛུགས་སྐྲུན་གནས་ཚུལ་གསན་གནང་བ་དང་། ཀོང་ཞི་པེ་པུའུ་དབན་དཔལ་འབྱོར་ཁུལ་གོང་འཕེལ་གྱི་འཛུགས་སྐྲུན་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སྒོ་དབྱེ་བའི་མཉམ་ལས་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་རྒྱ་མཚོར་ཁ་ཕྱོགས་པའི་དཔལ་འབྱོར་གོང་འཕེལ་ཡག་པོ་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཐེ་ཧྲན་གྲུ་ཁ་ནི་ཧ་ཅང་གི་ཡག་པོ་ཞིག་ཡིན། གཅིག་ནས་ཆ་རྐྱེན་ཡག་པོ་ཡོད་པ་དང་། གཉིས་ནས་ས་ཁོངས་གནས་བབས་གལ་ཆེན་པོ་ཡོད་ལ། གོང་འཕེལ་མདུན་ལྗོངས་རྒྱ་ཆེན་པོ་ཡོད་པས། སླད་ཕྱིན་ནི་པེ་པུ་དབན་མཚོ་ཁུག་དཔལ་འབྱོར་ཁུལ་གྱི་རྟེན་ས་ཧ་ཅང་གལ་ཆེན་པོ་ཞིག་ཡིན། གྲུ་ཁ་འཛུགས་སྐྲུན་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ང་ཚོའི་རྒྱ་མཚོར་ཁ་ཕྱོགས་པའི་དཔལ་འབྱོར་དང་། སྒོ་དབྱེའི་དཔལ་འབྱོར་དེ་འབྱོར་ཕྱུག་ལྡན་པ་དགོས་ན་སྔོན་ལ་ལམ་བུ་སྐྲུན་དགོས། འོན་ཀྱང་འབྱོར་ཕྱུག་ལྡན་པ་ཡོང་དགོས་ན་སྔོན་ལ་གྲུ་ཁ་སྐྲུན་དགོས་ཞེས་གསུངས་ཡོད་པ་དང་།

ཐེ་ཧྲན་གྲུ་ཁའི་སྤྱི་སྤྱོད་གྲུ་ཁར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་པ་ཚོ་དང་མཉམ་དུ་མཛའ་བརྩེའི་སྤེལ་རེས་གནང་ཡོད་པ་དང་། ཁོང་གིས། དེ་རིང་ཧེ་ཕུ་ཡི་ཧན་རྒྱལ་རབས་ཀྱི་དངོས་མང་གཤམས་མཛོད་ཁང་དང་ཐེ་ཧྲན་གྲུ་ཁར་རྟོག་ཞིབ་བྱས་ཡོད་པ་དང་། དེ་དག་ཚང་མ་ནི་རྒྱུད་གཅིག་དང་ལམ་གཅིག་དང་འབྲེལ་བ་གལ་ཆེན་པོ་ལྡན་ཡོད། པེ་ཧའེ་གྲོང་ཁྱེར་ལ་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་ལོ་རྒྱུས་ཟབ་མོ་ལྡན་ཡོད་པས། ང་ཚོས་ད་ལྟ་དུས་རབས་གསར་པའི་མཚོ་ཐོག་དར་གོས་ལམ་བུའི་ལེའུ་གསར་པ་ཡག་པོ་གཏོད་དགོས་ཞེས་གསུངས་ཡོད་པ་དང་།

ཞི་ཅིན་ཕིང་གིས། ད་ལྟ་རྒྱུད་གཅིག་དང་ལམ་གཅིག་ཞེས་པའི་གྲོས་འགོ་དེ་བཏོན་ནས་ལོ་གསུམ་འགྲོ་གི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལན་ཆ་ཆེན་པོ་བྱུང་ཡོད། དེས་རྒྱུད་གཅིག་དང་ལམ་གཅིག་གི་འཛུགས་སྐྲུན་དེ་ནི་མི་སེམས་ཕྱོགས་ས་ཞིག་ཡིན་པ་གསལ་བཤད་ཐུབ་ཀྱི་ཡོད། ང་ཚོས་རྒྱུད་གཅིག་དང་ལམ་གཅིག་གི་སྒྲོམ་གཞིའི་འོག་ཀྲུང་གོའི་སྒོ་དབྱེ་ཆེན་མོ་དང་གསལ་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་དང་། ང་ཚོའི་ལོ་བརྒྱ་གཉིས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཏེ། མཐའ་མཇུག་ང་ཚོའི་རླབས་ཆེའི་མི་རིགས་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན། ང་ཚོས་ལག་གདང་འབྲེལ་བ་དང་བློ་སེམས་གཅིག་ཏུ་སྒྲིལ་ནས། ང་ཚོའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

སྤྱི་ཚེས་༡༩ཉིན་གྱི་དགོང་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་པེ་ཧའེ་རྒྱ་མཚོའི་ཅིན་ཧའེ་དབན་མཚོ་ཁུག་གི་ཤིང་དམར་ནགས་ཚལ་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དུ་རྟོག་ཞིབ་གནང་ཡོད། ཁོང་གིས་ཤིང་ལམ་ཐོག་སྐྱོད་ནས་ས་ཆ་དངོས་སུ་ཤིང་དམར་ནགས་ཚལ་སྐྱེ་ཚུལ་དང་སྲུང་སྐྱོབ་གནས་ཚུལ་ལ་གཟིགས་གནང་བ་དང་། ཤིང་དམར་ནགས་ཚལ་དེ་ཉིད་རྒྱ་མཚོ་སྲུང་སྐྱོབ་བྱེད་མཁན་དང་། རྒྱ་མཚོའི་ཐོག་གི་ནགས་ཚལ་ཡིན་པའི་ངོས་ནས་རྒྱ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་ཐོན་པའི་ལེགས་སྒྲིག་ནུས་པ་མཁྱེན་རྟོག་ཞིབ་ཕྲ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྩ་ཆེའི་སྐྱེ་དངོས་ཞིབ་འཇུག་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས་ན། རྒྱ་མཚོའི་སྐྱེ་དངོས་ཀྱི་སྣེ་མང་རང་བཞིན་གྱི་འདམ་རྭའི་སྐྱེ་ཁམས་ས་ཁོངས་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།