ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྐོང་འཚོགས་གནང་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཟླ་༤ཚེས་༡༩ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྐོང་འཚོགས་གནང་ནས་དཔྱ་ཁྲལ་སྔར་བས་ཉུང་དུ་གཏོང་རྒྱུའི་བྱ་ཐབས་འདོན་རྒྱུ་དང་དངོས་གཟུགས་དཔལ་འབྱོར་གྱི་མ་གནས་ཆུང་དུ་བཏང་ནས་རྒྱབ་ཤུགས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་པའི་དཔེ་མཛོད་ཁང་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱེད་རྒྱུའི་གཏན་འབེབས་གནང་འདུག

གྲོས་ཚོགས་ཐོག སྲིད་གཞུང་ལས་དོན་སྙན་ཞུའི་བཀོད་སྒྲིག་ལྟར་ཁྲལ་བསྡུའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་དུ་གཏོང་བ་དང་དཔྱ་ཁྲལ་ཉུང་དུ་གཏོང་ཚད་ཆེ་རུ་བཏང་ནས་ཟམ་་མི་ཆད་པར་ཁྲོམ་རྭའི་གཙོ་གཟུགས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་རྒྱབ་ཤུགས་ཆེ་རུ་གཏོང་རྒྱུ་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་གལ་ཆེའི་བྱ་ཐབས་ཞིག་ཡིན་པ་དང་མིག་སྔའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་རྙོག་འཛིང་ཆེ་བ་དང་བརྟན་ལྷིང་མེད་པ། གཏན་འཁེལ་མེད་པ་བཅས་ཀྱི་རྒྱུ་རྐྱེན་སྔར་བཞིན་ཆུང་མང་བའི་དུས་བབ་འོག་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་བརྒྱུད་ཁེ་ལས་ཀྱི་གསོན་ཤུགས་དང་སྒུལ་ཤུགས་གསར་པ་ཆེ་རུ་གཏོང་བ། དཔལ་འབྱོར་བརྟན་པོའི་ཁྲོད་དུ་ཡག་པའི་ཕྱོགས་སུ་འགྲོ་ཚུལ་བརྟན་དུ་བཏང་ནས་གྲུབ་ཆ་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་སྟོན་འདུག

གྲོས་ཚོགས་ཐོག སྤྱི་པའི་དཔེ་མཛོད་ཁང་གི་བྱ་གཞག་གོང་འཕེལ་གཏོང་རྒྱུ་ནི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་གལ་ཆེའི་ནང་དོན་ཡིན་པས་སྤྱི་དམངས་ཡོངས་ནས་དཔེ་དེབ་ཀློག་རྒྱུར་སྐུལ་འདེད་གཏོང་ཐུབ་པ་དང་མང་ཚོགས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྔར་བས་ཡག་པོ་སྐོང་བ། སྤྱི་ཚོགས་ཡོངས་ཀྱི་ཚན་རིག་རིག་གནས་བྱང་ཚད་མཐོ་རུ་གཏོང་བ། གསར་སྐྲུན་རྣམ་པའི་རྒྱལ་ཁབ་དང་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་ཡི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ཚུད་པའི་མིའི་རིགས་ཀྱི་ཤེས་དཔལ་གྲུབ་འབྲས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཀྱི་ཡོད་ཅེས་སྟོན་པ་དང་གྲོས་ཚོགས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་པའི་དཔེ་མཛོད་ཁང་གི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་ཡོད་པ་དང་འཆར་ཟིན་ནང་སྲིད་གཞུང་གིས་སྤྱི་པའི་དཔེ་མཛོད་ཁང་འཛུགས་སྐྲུན་བྱེད་པའི་འགན་འཁྲི་དང་སྤྱི་ཚོགས་སྟོབས་ཤུགས་དེའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱེད་པའི་དགོས་མཁོ་ཆེ་རུ་གཏོང་དགོས་པ་མ་ཟད་སྤྱི་པའི་དཔེ་མཛོད་ཁང་འཁོར་སྐྱོད་དོ་དམ་ལམ་ལུགས་དང་ཁུར་དགོས་པའི་ཞབས་ཞུའི་ནུས་པ། གྲངས་གཞིའི་ཐོན་ཁུངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་ཐོག་དང་དྲ་བའི་ཕྱི་རོལ་མཉམ་བསྲེས་ཡོང་བ་བྱེད་པ་སོགས་ཀྱི་ཐད་གཏན་འབེབས་གསལ་པོ་བྱས་པ་དང་གྲོས་ཚོགས་ཐོག་འཆར་ཟིན་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་འདུག

གྲོས་ཚོགས་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐྱིད་པོ།