མཚོ་སྔོན་གྱིས་དབྱར་རྩྭ་དགུན་འབུའི་བགྲོ་གླེང་ཚོགས་འདུ་འཚོགས།
སྤེལ་བའི་དུས་ཚོད། : 2019-09-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

    སྤྱི་ཟླ9བའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང(མཚོ་སྔོན་སློབ་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང)དང་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“མཚོ་སྔོན་ཞིང་ཆེན་གྱི2019ལོའི་དབྱར་རྩྭ་དགུན་འབུའི་ཆེད་དོན་བགྲོ་གླེང་ཚོགས་འདུ”ཟི་ལིང་དུ་འཚོགས་པ་དང་། ཚོགས་འདུ་དེ་མཚོ་སྔོན་ཞིང་ཆེན་གྱིས་བཏོན་པའི་ཚན་རྩལ་ལ་བརྟེན་ནས་མཚོ་སྔོན་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ས་གནས་ཀྱི་ཚན་རྩལ་རང་བརྟེན་དང་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་བེད་སྤྱོད་བྱས་ཏེ་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དབྱར་རྩྭ་དགུན་འབུའི་ཆས་རྟགས་གཏོད་པ། དབྱར་རྩྭ་དགུན་འབུ་ལས་སྣོན་ཁེ་ལས་ཀྱིས་ཐོན་སྐྱེད་ཚད་ལྡན་ཅན་བྱ་རྒྱུར་མཛུབ་ཁྲིད་བྱེད་པ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། 

    དབྱར་རྩྭ་དགུན་འབུ་ནི་མཚོ་བོད་མཐོ་སྒང་གི་སྨན་སྤྱོད་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་། ཐོན་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། དེའི་ཐོན་ལས་ནི་སྲོལ་རྒྱུན་གྱི་ཐོན་ལས་ཤིག་ཡིན་པ་མ་ཟད་དམངས་འཚོའི་ཐོན་ལས་ཤིག་ཀྱང་རེད། མཚོ་སྔོན་ཞིང་ཆེན་ནི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་གཙོ་བོ་ཡིན་ཞིང་། མཚོ་སྔོན་ནས་ཐོན་པའི་དབྱར་རྩྭ་དགུན་འབུ་ཡིས་རྒྱལ་ཡོངས་དབྱར་རྩྭ་དགུན་འབུ་ཡོངས་ཀྱི་60%ཙམ་བཟུང་ཡོད། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཁྱད་ལྡན་ཐོན་ཁུངས་ལེགས་ལྡན་ཐོན་ལས་ཀྱི“གསེར་གྱི་མིང་བྱང”ཟམ་མི་ཆད་པར་བཏོད་དེ་དབྱར་རྩྭ་དགུན་འབུ་ཐོན་ལས་ཀྱི་ལག་རྩལ་བཀོལ་སྤྱོད་ཀྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཚན་རྩལ་གྱི་འདུས་ཚད་ལྡན་པའི་སྨན་རྫས་དང་འཕྲོད་སྦྱོར་བཟའ་བཅའ་གསར་སྤེལ་བྱས་ནས་དབྱར་རྩྭ་དགུན་འབུའི་སྐྱེ་ཕུང་གིས་མིའི་རིགས་ཀྱི་བདེ་ཐང་ལ་ཞབས་འདེགས་ལེགས་པོ་ཞུས་པ་དང་། མཚོ་སྔོན་གྱི་དབུལ་ཐར་འགག་སྒྲོལ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།  

   

  ཐེངས་འདིའི་ཚོགས་འདུའི་ཐོག་ཤང་ཀང་རང་བྱུང་ཚན་རྩལ་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་ཧྲེན་ཀྲེན་ཞིབ་འཇུག་ཁང་གི་ཆེད་མཁས་པ་ཀྲུའུ་ཅཱ་ཧྲི་དང་། ཀྲུང་གོ་ཚན་རིག་ཁང་གི“མི་བརྒྱའི་འཆར་གཞི”འི་ཁོངས་གཏོགས་མི་སྣ། “རྒྱལ་ཁབ་ཀྱི་ཕུལ་བྱུང་གཞོན་ནུའི་ཐེབས་རྩ”ཐོབ་མཁན། ཨེ་ཤ་ཡའི་འབུ་ཕྲའི་སྐྱེ་དངོས་སློབ་ཚོགས་ཀྱི་ཀྲུའུ་ཞི་དང་རྒྱལ་སྤྱིའི་འབུ་ཕྲའི་སྐྱེ་དངོས་སློབ་ཚོགས་ལག་བསྟར་ཨུ་ལྷན་གྱི་ཆེད་མཁས་པ་ལིའུ་ཞིན་ཀྲུང་། ཀྲུང་གོ་ཀྲུང་ལུགས་གསོ་རིག་ཚན་རིག་ཁང་ཀྲུང་ལུགས་གསོ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲིའུ་ལི། མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང(མཚོ་སྔོན་སློབ་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང)གི་དབྱར་རྩྭ་དགུན་འབུ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ལིས་ཡུས་ལིང་སོགས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་ཆེད་མཁས་པ་ཆེད་དུ་གདན་ཞུ་བྱས་ཏེ་དབྱར་རྩྭ་དགུན་འབུའི་ཞིབ་འཇུག་འཕེལ་རིམ་དང་། དབྱར་རྩྭ་དགུན་འབུའི་ཚན་ཞིབ་དང་ཐོན་ལས་ཞིབ་འཇུག་འཕེལ་རིམ། དབྱར་རྩྭ་དགུན་འབུའི་ཁྲོད་ཀྱི་སེན་འདུས་ཚད་ཀྱི་ཞིབ་འཇུག་འགྲེམ་སྟོན།  དབྱར་རྩྭ་དགུན་འབུའི་ལོ་རྒྱུས་ཚད་ལྡན་ཡིག་ཆ་དང་སྨན་འཇུག་གནས་ཚུལ་གྱི་ངོ་སྤྲོད་སོགས་ཀྱི་ནང་དོན་ཐད་ཆེད་དོན་གཏམ་བཤད་སྤེལ།    

   ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས་པའི་མགོ་ཁྲིད་ལ། ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང(མཚོ་སྔོན་སློབ་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཁང)གི་ཡོན་ཀྲང་ལིའུ་ཧྲུའུ་ཅེ་དང་། ཞིང་ཆེན་ཟས་རིགས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་སྨན་རྫས་ཐོ་འགོད་ཀྲུའུ་རིན་ཁོའོ་ཡོན་ཨན་ཧུང་མན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཕིང་། ཞིང་ཆེན་ཚོང་དོན་ཐིན་གྱི་ཕྱི་རྒྱལ་མ་དངུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་མ་ཧྲའོ་ཕིང་། རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲུང་པའོ་ཅེ། མཚོ་སྔོན་སློབ་ཆེན་གྱི་བོད་སྨན་སློབ་གླིང་གི་པདྨ་བཀྲ་ཤིས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱི་ཚོགས་གཙོ་ལིའུ་ཧུའེ་སོགས་ཡོད།

    ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་ཐོན་ལས་ཀྱི་འབྲེལ་ཡོད་ལག་རྩལ་མི་སྣ་དང་། ཚན་རིག་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་དང་ལས་ཞུགས་མི་སྣ། ཆེད་མཁས་པ་བཅས་ཀྱིས་མཉམ་དུ་བསམ་བློ་བརྗེ་རེས་བྱས།    

    ཚོགས་འདུའི་ཐོག རིམ་པ་ཁག་གི་མགོ་ཁྲིད་དང་ཆེད་མཁས་པས་མཚོ་སྔོན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་དང་ཀྲེ་ཅང་གོ་ཁུན་ཐང་གིས་མཉམ་དུ་དབྱར་རྩྭ་དགུན་འབུ་རྒྱལ་ཡོངས་སུ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ་དང་། ཀྲེ་ཅང་གོ་ཁུན་ཐང་བདེ་ཐང་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིར“ཐོག་མའི་ཐོན་ཡུལ་གྱི་ཡིད་རྟོན་ཁེ་ལས”ཀྱི་བྱ་དགའི་རྟགས་མ་སྤྲད་ལ། གོ་ཁུན་ཐང་གི་ལས་འཛིན་དཔོན་ལིའུ་ཧོན་ཀྲིས་བྱ་དགའི་རྟགས་མ་ལེན་ཞོར་གཏམ་བཤད་གནང་།    

 ཐེངས་འདིའི་ཚོགས་འདུའི་ཐོག་ད་དུང་མཚོ་སྔོན་ལའེ་མའེ་ཏན་བཟོ་ལས་ཚོང་དོན་སྡེ་ཚོགས་ཚད་ཡོད་ཀུང་སི་དང་། མཚོ་སྔོན་བོད་དབྱངས་སྐྱེ་ཁམས་རོང་འབྲོག་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི། མཚོ་སྔོན་གནས་མཆོག་སྨན་རྩྭ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི། ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཀ་ཆི་ཡུལ་ཟོག་ཚོང་ཁང་། མཚོ་སྔོན་ཇོ་མོ་གླང་མའི་དབྱར་རྩྭ་དགུན་འབུ་སྨན་ལས་ཚད་ཡོད་ཀུང་སི། མཚོ་སྔོན་དབྱི་ཅ་ཁང་ཚོང་དོན་ཚད་ཡོད་ཀུང་སི་སོགས་ཁེ་ལས་དྲུག་ལ་བྱ་དགའ་སྤྲད་དེ་གཟེངས་བསྟོད་གནང་འདུག

 

ཡོང་ཁུངས། ཨ་མདོ་སྨྱན་གསར།

ལྟ་སྐུལ། ཝང་ཧྥེ།

རྩོམ་སྒྲིག་པ། པད་མ།