▶བོད་རིཊ་ཀྱི་སྲོལ་རྒྱུན་རོལ་རྩེད་འདིར་བྱ་དགའ་ཨང་དང་པོ་ཐོབ་འདུག
སྤེལ་བའི་དུས་ཚོད། : 2019-09-16 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

    སྤྱི་ཟླ་9ཚེས་15ཉིན་གྱི་དགོང་མོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པའི་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་སྤྲོད་པའི་དགོང་ཚོགས་ཀྲེན་ཀྲོའུ་ལས་གྲྭ་ལག་རྩལ་སློབ་གླིང་གི་ལུས་རྩལ་ཁང་དུ་འཚོགས་པ་རེད། དགོང་ཚོགས་ཐོག་བྱ་དགའ་ཐོབ་པའི་རུ་ཁག་ལ་བྱ་དགའ་སྤྲད་པ་ཕུད། རུ་ཁག་27གྱིས་སྟོད་སྨད་གཉིས་སུ་དབྱེ་ནས་འཁྲབ་སྟོན་རྣམ་གྲངས་གཟིགས་འབུལ་བྱས། 

   སྐབས་འདིའི་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་འགྲན་སྡུར་ལ་རྩལ་འགྲན་རིགས་དང་། ལག་རྩལ་རིགས། ཕྱོགས་བསྡུས་རིགས་བཅས་རིགས་གསུམ་དུ་དབྱེ་ཡོད། དེའི་ནང་ཡུན་ནན་འཐུས་མི་ཚོགས་པའི《དགའ་སྤྲོའི་ནས་བསྡུ།》སོགས་རྣམ་གྲངས་18ལ་རྩལ་འགྲན་རིགས་ཀྱི་འཁྲབ་སྟོན་རྣམ་གྲངས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད།

 

སྤྱི་ཚེས་15ཉིན་གྱི་སྔ་དྲོར་འགྲན་རའི་ནང་གཟིགས་འབུལ་ཞུ་བའི་རྣམ་པ།

 

   ཡུན་ནན་རུ་ཁག་གི་《དགའ་སྤྲོའི་ནས་བསྡུ།》ཞེས་པས་ཡུན་ནན་གྱི་བོད་རིགས་མང་ཚོགས་ཀྱིས་ནས་བརྔ་བསྡུའི་འགྲན་སྡུར་བྱེད་སྐབས་ཀྱི་དགའ་སྤྲོའི་རྣམ་པ་ཇི་མ་ཇི་བཞིན་མངོན་པ་མ་ཟད། བོད་རིགས་ས་ཁུལ་གྱི་དར་ཁྱབ་ཆེ་བའི་རོལ་རྩེད་རྣམ་གྲངས་དང་མཉམ་འདྲེས་བྱས་ཡོད་པས། ལེ་ཚན་ལ་ལྟད་མོ་དང་སྒྱུ་རྩལ་གྱི་རང་བཞིན་ཆེན་པོ་ལྡན། ཁོང་ཚོའི་འཁྲབ་སྟོན་ལ་རེས་འཁོར་གཉིས་ཀྱི་འགྲན་སྡུར་ཁྲོད་ཁག་སོ་སོ་སྐར་གྲངས་9.46དང་། སྐར་གྲངས་9.38ཀྱི་དགའ་འོས་པའི་མཇུག་འབྲས་ཐོབ་ཡོད། 

སྤྱི་ཚེས་15ཉིན་གྱི་སྔ་དྲོར་འགྲན་རའི་ནང་གཟིགས་འབུལ་ཞུ་བའི་རྣམ་པ།

 

    ཤེས་རྟོགས་བྱུང་བར་གཞིགས་ན། ལེ་ཚན་དེ་ནི་ཡུན་ནན་ཞིང་ཆེན་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐོག་འཁྲབ་སྟོན་བྱས་པ་བརྒྱུད་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་འགྲན་ཚོགས་ནང་ཞུགས་ཐུབ་པའི་གོ་སྐབས་བརྩོན་ལེན་བྱས་པ་ཞིག་ཡིན་པ་དང་། ལེ་ཚན་དེའི་འཁྲབ་ཁྲིད་དང་རྩལ་ཁྲིད་པ་གཅིག་ལྕོགས་བློ་བཟང་རྒྱ་མཚོས་གསར་འགོད་པར་དེ་སྔ་གྲུབ་འབྲས་ཡག་པོ་དེ་འདྲ་ཐོབ་ཐུབ་པའི་གདེང་ཚོད་མེད། ཡིནའང་རང་ཉིད་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་རྣམ་པ་བཟང་ཤོས་ཀྱི་ཐོག་ནས་འཁྲབ་སྟོན་བྱས་ཡོད། གྲུབ་འབྲས་དེ་འདྲ་ཐོབ་པ་ལ་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་ཡོད།

སྤྱི་ཚེས་15ཉིན་གྱི་དགོང་མོར་བྱ་དགའ་སྤྲོད་པའི་དགོང་ཚོགས་ཐོག་འཁྲབ་སྟོན་བྱེད་པའི་རྣམ་པ།

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

གསར་འགོད་པ། བསྟན་པ་ཚེ་རིང་། སྒྲོལ་མ་ཚེ་རིང་།

རྩོམ་སྒྲིག་འགན་ཁུར་བ། མིག་དམར་རྒྱལ་པོ།