མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ནི་ཐུགས་རྒྱུད་བྱམས་བརྩེས་ཕྱུག་པའི་ནུབ་ལུགས་གསོ་རིག་རབ་འབྱམས་པ་ཁམས་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱིས་བོད་ཀྱི་སློབ་གསོ་སྤྱི་དང་། ཁྱད་པར་དུ་མགོ་ལོག་ཁུལ་གྱི་རྫོང་དྲུག་གི་དྲིན་ཆེན་ཕ་མ་དང་གཏན་ཏུ་གྱེས་ཤིང་ཉམ་ཐག་པའི་བྱིས་པ་ཚོར་ཡང་དག་པའི་སློབ་གསོ་དང་བདེ་སྐྱིད་བསྐྲུན་ཕྱིར་༢༠༠༥ལོར་གསར་དུ་བཙུགས་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྒྲུབ་སློབ་གསོའི་བཅའ་ཁྲིམས་ལག་བསྟར་དང་ལོ་དགུའི་སློབ་གསོའི་འོས་འགན་སྒྲུབ་སའི་སློབ་གྲྭ་ཞིག་ཡིན་པར་མ་ཟད། དྭ་ཕྲུག་ཚོའི་གཞིས་ཁྱིམ་དྲོན་མོ་ཞིག་ཀྱང་ཡིན།
༢༠༡༥ལོའི་མགོ་ལོག་ཁུལ་གྱི་འབྲིང་རྒྱུགས་ཁྲོད་སློབ་གྲྭ་འདིའི་སྐབས་དང་པོའི་མཐར་ཕྱིན་སློབ་མ་ཚོས་མགོ་ལོག་ཁུལ་གྱི་འབྲིང་རྒྱུགས་ཁྲོད་ཨང་དང་པོ་བླངས་པར་མ་ཟད། མི་སྒེར་གྱི་ཨང་དང་པོ་ཡང་སློབ་གྲྭ་འདིའི་སློབ་མ་པ་སངས་སྒྲོལ་མས་བླངས་པ་རེད། ལོ་རེ་རེར་དགུན་གནང་སྐབས་སུ་མཐར་ཕྱིན་འཛིན་གྲྭའི་སློབ་མ་ཚོ་ཟི་ལིང་དུ་ཁྲིད་ནས་སློབ་གྲྭ་ཆེན་མོ་དག་གི་དགེ་རྒན་མང་བོ་གདན་འདྲེན་ཞུས་ནས་རྩིས་དངོས་རྫས་གསུམ་སོགས་ལ་ཟབ་སྦྱོང་ནན་ཏན་བྱེད་པའི་ཞོར་དུ་གྲོང་ཁྱེར་གྱི་འགྲོ་སྟངས་འདུ་སྟངས་སོགས་ལའང་སྦྱོང་བསྡར་དང་མཛུབ་ཁྲིད་བྱས། སློབ་གྲྭ་འདིར་ཡོད་དུས་འདི་ལྟར་བདག་སྐྱོང་ལེགས་པོ་བྱེད་པར་མ་ཟད་སློབ་མ་རང་ཉིད་ཀྱིས་མོས་འདུན་དང་ནུས་པས་ལྕོགས་ཏེ་མཐོ་འབྲིང་དང་སློབ་ཆེན་སོགས་ཇི་ལྟར་འདོན་ཐུབ་ན་དེ་ལྟར་ཡོད་ཚད་ཀྱི་འགྲོ་སོང་སློབ་གྲྭས་གཏོང་བཞིན་ཡོད་པ་དང་། སློབ་གྲྭ་འདིའི་སྐབས་དང་པོའི་མཐར་ཕྱིན་སློབ་མ་ཚོ་ཏུང་པེའི་ཧྲིན་དབྱང་དང་ཧྲང་ཧེ་སོགས་སུ་བསྐྱལ་ནས་བདག་སྐྱོང་བྱས་དང་བྱེད་བཞིན་ཡོད།
ཆུང་དུས་ནས་སློབ་གྲྭར་མ་སོང་བར་ལོ་ན་ཅུང་ཆེ་བའི་དྭ་ཕྲུག་ཚོས་རང་ཁ་རང་གསོ་ཐུབ་པའི་རྐྱེན་དུ་དམིགས་ནས་ཚེམ་བཟོ་དང་ཐང་ག་འབྲི་བ་སོགས་ལག་ཤེས་ཀྱི་འཛིན་གྲྭ་འགའ་ཡང་བཙུགས་ཡོད། སློབ་གྲྭ་འདིར་ད་ལྟ་སློབ་མའི་མལ་ཁང་བཅུ་དང་སློབ་ཁྲིད་ཐོག་ཁང་གསུམ། ཟ་ཁང་ངམ་ཚོགས་ཁང་ཆེན་མོ་གཅིག ཇ་ཁང་། སྤྱིའི་ལུས་ཁྲུས་ཁང་ཆེན་མོ་དང་གཙང་སྤྱོད་ཁང་། ལུས་རྩལ་ཐང་ཆེན་བཅས་ཁྱོན་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་སྟོང་བདུན་ལྷག་དང་སློབ་གྲྭའི་སའི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་ལྔ་ཁྲི་དགུ་སྟོང་དགུ་བརྒྱ་བཞི་བཅུ་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨི་གྲུ་བཞི་མ་བརྒྱད་སྟོང་ལྷག་ཡོད། སྡོད་ཁང་གཅིག་གི་ནང་ལ་ཁྲུས་ཁང་དང་གཙང་སྤྱོད་ཁང་། ཚོགས་འདུ་ཁང་དང་སློབ་མའི་མལ་ཁང་། མ་ཡར་དང་དགེ་རྒན་གྱི་གཟིམ་ཁང་བཅས་ཡོད་ལ། སློབ་མ་སུམ་ཅུ་རེ་ལ་མ་ཡར་རེ་བཞག་ནས་དེ་དག་ལ་ཁྱིམ་གཅིག་གི་མིང་བཏགས་ཏེ་སློབ་ཚོས་མ་ཡར་དེ་ལ་ཨ་མ་ཞེས་འབོད་ཀྱིན་ཡོད། མ་ཡར་དེས་གཟའ་འཁོར་རེ་རེར་སློབ་མའི་གོན་པ་བཀྲུ་བ་དང་། དུས་གསུམ་དུ་ཟ་མ་ལྡུད་པ། ཁ་ཏ་སློབ་གསོ་བྱེད་པ་སོགས་ཨ་མ་ངོ་མ་ཞིག་གི་འགན་ཁུར་ནས་གཉོར་སྐྱོང་བྱེད་ཀྱིན་ཡོད་པས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་མཉམ་དུ་སྒྲུབ་སའི་སློབ་གྲྭ་ཁྱད་པར་བ་ཞིན་ཡིན། ད་ལྟ་སློབ་གྲྭ་འདིར་གྲ་སྒྲིག་འཛིན་གྲྭ་གཅིག་དང་སློབ་ཆུང་ལོ་རིམ་དྲུག དམའ་འབྲིང་ལོ་རིམ་གསུམ། ལག་རྩལ་འཛིན་གྲྭ་གསུམ་བཅས་ཁྱོན་སློབ་མ་སུམ་བརྒྱ་ཙམ་དང་དགེ་རྒན་སོ་གཉིས་དང་རྩིས་གཉེར་བ་གཅིག མ་ཡར་དགུ། ཇ་མ་གཉིས་དང་སྒོ་སྲུང་གཅིག་བཅས་ཡོད།
སློབ་གྲྭ་འདིའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མ་རང་ལོ་ཉེར་དྲུག་སྟེ་སྤྱི་ལོ་༢༠༠༥ལོར་ཁོང་གི་ཞང་བོ་ནུབ་ལུགས་གསོ་རིག་རབ་འབྱམས་པ་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་ལགས་ཀྱི་ཐུགས་རེ་དང་མགོ་ལོག་ཁུལ་སློབ་གསོ་སྡེ་ཁག་གི་རེ་བ་ལྟར་ཨ་མདོ་མགོ་ལོག་ས་ཁུལ་དུ་འོངས་ཏེ་རྒྱུས་མེད་ཀྱི་ས་ཆ་འདི་ནས་གྲོགས་མེད་ཁེར་རྐྱང་གི་འཚོ་བ་རོལ་བཞིན་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་ཡོད་ཚད་ཀྱི་འགན་ཅི་ལྕོགས་བྱས་ཏེ་འབད་པ་བླ་མེད་གནང་བས་༢༠༠༧ལོར་མགོ་ལོག་མི་རིགས་སློབ་གསོའི་ཚོགས་འདུའི་སྐབས་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་དང་ཁུལ་སློབ་གསོ་སྡེ་ཁག་གཉིས་ཀྱིས་མི་རིགས་སློབ་གསོ་ལ་བྱས་རྗེས་ཆེ་བ་དང་། ཁུལ་ཡོངས་ཀྱི་ཕུལ་བྱུང་སློབ་གཙོའི་མཚན་སྙན་གནང།
མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭའི་སློབ་གཙོ་རྟའུ་ཐུབ་བསྟན་ཉི་མ།
ཁོང་གིས་ཕ་ཡུལ་དང་གཉེན་ཉེ་ལ་བར་ཐག་རིང་བའི་ས་མཐའ་འདི་ནས་ཡོད་ཚད་མི་རིགས་སློབ་གསོའི་ལས་དོན་ལ་བཏང་ནས་དཀའ་སྡུག་ཅི་བྱུང་བདེ་སྐྱིད་དང་གཟི་བརྗིད་ལ་སྒོམ་བཞིན་སྙིང་སྟོབས་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད།
ཁོང་གིས་ནམ་རྒྱུན་མི་ཞིག་ལ་མཚོན་ན་ཆེས་མེད་དུ་མི་རུང་བ་ནི་གཞན་ཕན་གྱི་བསམ་བློ་རེད། དེ་ཡོད་ན་རང་གཞན་གཉིས་ལ་ཕན་པ་ཞིག་བསྒྲུབ་མ་ཐུབ་ནའང་། གནོད་བྱེད་མི་སྲིད་ཅེས་དང་། མི་རབས་ཕྱི་མ་སྐྱེད་སྲིང་བྱེད་མཁན་གྱི་དགེ་རྒན་རྣམ་པས་སློབ་མ་དཔྱོད་ལྡན་ཅན་དང་ཤེས་ཡོན་ཅན་གསོ་སྐྱོང་བྱེད་རྒྱུ་གལ་ཆེ། དེ་ལས་ཀྱང་གལ་ཆེ་བ་ནི་གནས་ལུགས་དང་དྲང་བདེན་བརྩི་སྲུང་བྱེད་མཁན་དང་། བྱམས་དང་སྙིང་རྗེ་རྒྱུད་ན་ཡོད་པའི་སློབ་མ་རེ་གསོ་སྐྱོང་བྱས་ན་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཙམ་མ་ཡིན་པར་གོ་ལ་ཧྲིལ་བོར་རླབས་ཆེ་བའི་ཕན་པ་བསྒྲུབས་ནས་བྱས་རྗེས་བཞག་པ་རེད་ཅེས་གསུང་བཞིན་ཡོད།
ཡོང་ཁུངས། རྟ་བྲག་དྭ་ཕྲུག་སློབ་གྲྭའི་འཕྲིན་སྟེགས།
ལྟ་སྐུལ། ཝང་ཧྥེ།
རྩོམ་སྒྲིག་པ། པད་མ།