▶ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱས་རྗེས་གོ་གནས་ཤོར་སྲིད་དམ།
སྤེལ་བའི་དུས་ཚོད། : 2019-09-15 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

 

   ས་གནས་དེ་གའི་དུས་ཚོད་ཀྱི་ཟླ་9ཚེས་12ཉིན། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ཞིང་། ཨ་རིའི་ཙུང་ཐུང་གི་ནག་ཉེས་ཐེར་འདོན་དང་འབྲེལ་བའི་བརྟག་དཔྱད་ལ་ཚད་གཞི་གཏན་འཁེལ་བྱས་ཡོད། དེ་ནི་ཨུ་ཡོན་ལྷན་ཁང་དེའི་ཨ་རིའི་ལས་ཐོག་ཙུང་ཐུང་གི་ནག་ཉེས་ཐེར་འདོན་སྐོར་གྱི་གྲོས་ཆོད་ཐོག་མ་དེ་ཡིན་པ་དང་། གྲོས་ཆོད་དེར་མི་24ཡི་མོས་མཐུན་ཐོབ་པ་དང་མི་17གྱི་ངོ་རྒོལ་ཐེབས་འོག་གྲོས་འཆམ་བྱུང་བ་ཡིན་འདུག    

   གྲོས་ཆོད་དེར་གྲོས་འཆམ་བྱུང་བ་ཡིས་སླད་ཕྱིན་རྒྱལ་ཚོགས་ལ་ཨ་རིའི་ཙུང་ཐུང་ཁྲོམ་ཕུ་དང་ཨུ་རུ་སུ་བར་གྱི་འབྲེལ་བ་དང་།  ཁོང་གི་ཁྲལ་འཇལ་ཟིན་ཐོ། དེ་བཞིན་ཁྲིམས་འཛིན་ལ་ཐེ་ཇུས་བྱས་ཡོད་མེད་སོགས་ཚུད་པའི་གནད་དོན་ལ་བརྟག་དཔྱད་གཏིང་ཟབ་བྱེད་དབང་ཡོད་པར་གྱུར་བ་མཚོན་ཡོད། 

   ཉིན་དེར་གྲོས་འཆམ་བྱུང་བའི་གྲོས་ཆོད་ལྟར། ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གིས་ཙུང་ཐུང་གི་ནག་ཉེས་ཐེར་འདོན་བྱེད་པའི་བདེན་དཔང་ཁུངས་སྐྱེལ་གྲོས་ཚོགས་འཚོག་ཆོག་པ་དང་། ཨུ་ཡོན་ལྷན་ཁང་གི་ཁོངས་མིས་འབྲེལ་ཡོད་དཔང་མི་འབོད་འགུག་བྱས་ཆོག་ཅིང་། དཔང་རྟགས་ཁ་ཤས་ཡོངས་བསྒྲགས་མ་བྱས་ཀྱང་ཆོག 

   ཤེས་རྟོགས་བྱུང་བར་གཞིགས་ན། ཙུང་ཐུང་གི་ནག་ཉེས་ཐེར་འདོན་གྱི་བདེན་དཔང་ཁུངས་སྐྱེལ་གྲོས་ཚོགས་ཐོག་མ་དེ་ཟླ་9ཚེས་17ཉིན་འཚོག་འཆར་ཡོད།  

  ཙུང་ཐུང་ཁྲོམ་ཕུ་ཡིས་ངོ་དེབ་ཐོག་རྩོམ་ཡིག་སྤེལ་ནས་གྲོས་ཆོད་དེར་ངོ་རྒོལ་བྱས་ཡོད།     

  ཨ་རིའི་2020ལོའི་ཙུང་ཐུང་འདེམ་བསྐོའི་བྱེད་སྒོ་སྤེལ་ཉེར་ཡོད་པའི་སྐབས་འདིར་གྲོས་ཆོད་དེར་གྲོས་འཆམ་བྱུང་བ་ཡིས་ཨ་རིའི་མི་དམངས་ཀྱིས་ཙུང་ཐུང་ཁྲོམ་ཕུ་ལ་རྒྱབ་སྐྱོར་བྱེད་ཚད་སྔར་བས་མར་ཆག་སྲིད།  


 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཝང་ཧྥེ།

སྒྲིག་སྒྱུར། པད་མ།