▶ཆེས་མཛེས་པའི་གོས་དཀར་ལྷ་མོ་ཁྱེད་གཤེགས་པ་ཕངས་སོང་།
སྤེལ་བའི་དུས་ཚོད། : 2019-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

༼གཅིག༽

        ཁོང་སྤྱི་ལོ1982ལོའི་ཟླ་བ12པར་ཀྲེ་ཅང་ཉིང་པོ་རུ་འཁྲུངས།

        2001ལོར་མཐོ་རྒྱུགས་ལ་ཞུགས་པས་པེ་ཅིང་ཞེ་ཧོ་གསོ་རིག་སློབ་གླིང་དུ་ཚུད།

        2007ལོར་ཁོང་བོད་ལྗོངས་སུ་ཡུལ་སྐོར་ལ་ཕེབས་སྐབས་ནད་གཞི་ལྕི་བའི་བགྲེས་སོང་ཞིག་ཐུག་ཅིང་། ཁོང་ནས་བགྲེས་སོང་དེར་སྨན་བཅོས་གནང་བས། བགྲེས་སོང་དེ་སེམས་འགུལ་ཆེན་པོ་ཐེབས་ཤིང་།  སྒྲ་དག་ལ་མ་དག་གི་རྒྱ་སྐད་ཐོག་ནས། བོད་ལྗོངས་ཀྱི་སྨན་བཅོས་ཆ་རྐྱེན་ནང་ས་ལས་ཅུང་ཞན་པས་ཁྱེད་རང་བོད་ལྗོངས་ལ་ཕེབས་ན་འགྲིག་གམ་ཞེས་བཤད།

        པེ་ཅིང་དུ་ལོག་ཕེབས་རྗེས་ཕ་མ་དང་རང་ཉིད་ཀྱི་སློབ་དཔོན་ལ་བོད་དུ་འགྲོ་འདོད་པའི་སྐོར་ཞུས། ཡིན་ནའང་ཁོང་རྣམ་པས་མཐའ་གཅིག་ཏུ་ངོ་རྒོལ་བྱས། སྤྱི་ལོ2009ལོར་དགུང་ལོ27ལ་ཕེབས་པའི་ཁོང་འབུམ་རམས་པའི་འཛིན་གྲྭ་ཐོན་རྗེས། བློ་ཐག་ཆོད་པོས་བོད་དུ་འགྲོ་རྒྱུའི་ཐག་བཅད། སློབ་དཔོན་དང་དགའ་ཉེ་རྣམས་ཧང་སངས་བ་མ་ཟད་སེམས་འགུལ་ཡང་ཐེབས། བོད་དུ་བསྐྱོད་ནས་དེ་གའི་ནད་པར་ཕན་བདེ་བསྐྲུན་རྒྱུ་ནི་ཁོང་བོད་དུ་བསྐྱོད་པའི་རྒྱུ་མཚན་ཉག་ཅིག་དེ་ཡིན།

        སྤྱི་ལོ2014ལོར། ཁོང་གི་སྣེ་ཁྲིད་འོག་བོད་ལྗོངས་སུ་གྲུམ་བུའི་ནད་འགོག་ཁྲག་རྒྱུན་མ་ལག་ཁོང་ནད་ཚན་ཁག་དང་པོ་དེ་བཙུགས་ཤིང་། བོད་ལྗོངས་ཀྱི་སྨན་བཅོས་ཁྱབ་ཁོངས་ཀྱི་སྟོང་ཆ་མང་པོ་བསྐངས།

        སྤྱི་ལོ2014ལོར་འབྲེལ་ཡོད་ཕྱོགས་ནས་ཁོང་ལ་ཆེས་མཛེས་པའི་སྨན་པ་ཞེས་པའི་མཚན་གྱི་ཅོད་པན་གསོལ། གཙོ་གཉེར་བྱེད་མཁན་ཕྱོགས་ནས་བྱ་དགའི་ཞུ་ཚིག་གསུངས་སྐབས། སྟེས་དབང་གི་འགྲུལ་བཞུད་ཅིག་གིས་མི་ཚེའི་ལམ་བུའི་ཁ་ཕྱོགས་སྒྱུར། གངས་ལྗོངས་ཀྱི་ཆེད་དུ་མི་ཡུལ་འདིར་འཕོས། ནད་བརྟག་སྨན་བཅོས་ལ་མཁས་ཤིང་། ལེགས་སྐྱེས་འབུལ་བར་སྤྲོ། བོད་ཁུལ་གྱི་གྲུམ་ནད་འཇོམས་པའི་སྒོ་འཕར་ཕྱེ་བར་མཛད་ཅེས་འཁོད།

        སྤྱི་ལོ2018ལོར་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཁོང་ལ་ཀྲུང་གོའི་སྨན་པ་ཡག་ཤོས་ཞེས་པའི་མཚན་སྙན་ཕུལ།

        ཁོང་ནི་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གྲུམ་བུའི་ནད་འགོག་ཁྲག་རྒྱུན་མ་ལག་ཁོང་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་དང་། ཚན་ཁག་དེའི་ཀྲུའུ་རེན་གཞོན་པ་ཀྲོའུ་ནན་ཡིན།

        སྤྱི་ལོ2019ལོའི་ཟླ8པའི་ཚེས2ཉིན། ཀྲོའུ་ནན་སི་ཁྲོན་ཚང་ཞི་རྫོང་དུ་འགྲིམ་འགྲུལ་ཆག་སྒོ་ཞིག་ནང་གྲོངས་ཤིང་། ཁོང་གི་མཛེས་པའི་མི་ཚེར་རྐྱེན་ངན་དབང་གིས་རྫོགས་ཚིག་འཁོད། ཁོང་སྐུ་གཤེགས་དུས་དགུང་ལོ37ལ་སོན་ཙམ་ཡིན།

        སྤྱི་ལོ2019ལོའི་ཟླ8པའི་ཚེས30ཉིན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ཚོགས་པས་ཀྲོའུ་ནན་ལ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་གཟི་བརྗིད་མཚན་སྙན་རྗེས་འབུལ་ཞུས།

        ཀྲོའུ་ནན་གྱིས། མི་ཚེར་ལམ་བུར་བདམ་ཀ་བྱ་རྒྱུ་མང་པོ་ཡོད། གལ་སྲིད་ཡང་བསྐྱར་ཐེངས་གཅིག་འདེམ་དུ་བཅུག་ཚེ། ངས་སྔར་བཞིན་ལམ་བུ་འདི་འདེམ་སྲིད་ཅེས་གསུངས། 

༼གཉིས།༽

        སློབ་འབྲིང་སྐབས་ཀྱི་ཀྲོའུ་ནན་གྱིས་མི་རྣམས་ལ་བཞག་པའི་བག་ཆགས་ནི་རང་གིས་རང་ལ་ཡིད་ཆེས་ཆེ་བ་དེ་རེད།

ཀྲོའུ་ནན་རིག་པ་སྤྱང་ལ་སློབ་ལ་བརྩོན་འགྲུས་ཤིན་ཏུ་ཆེ། སློབ་གྲོགས་དང་རྒན་ལགས་རྣམས་ཀྱི་ངོས་ནས་བཤད་ན། ཀྲོའུ་ནན་ལ་འབུམ་རམས་པའི་སློབ་གནས་ཐོབ་པ་ནི་ཧ་ལས་ཧང་སངས་དགོས་པ་ཞིག་མིན།

        འཚོ་བའི་ནང་གི་ཀྲོའུ་ནན་ནི་ཧ་ཅང་བབ་ཆགས་པ་ཞིག་ཡིན་ལ། རྒྱན་གོས་ཐད་དང་དོད་གཏན་ནས་མི་བྱེད།

        དམའ་རིམ་སློབ་འབྲིང་སྐབས། བུ་མོ་མང་ཆེ་བ་མཛེས་ཆ་འདོན་རྒྱུར་དགའ་བའི་འགོ་ཚུགས་པ་དང་། སློབ་གྲོགས་ཕན་ཚུན་བར་གྱོན་ཆས་སོགས་ལ་འགྲན་བསྡུར་བྱེད་པའི་སྣང་ཚུལ་ཐོན། ཡིན་ནའང་ཀྲོའུ་ནན་གྱིས་དེའི་ཐད་དང་དོད་གཏན་ནས་མི་བྱེད་པ་དང་། མཐོ་འབྲིང་སྐབས་སུའང་དེ་ལྟར་ཡིན།

        རྒན་ལགས་ནས་ཕྱིར་དྲན་གནང་བར། མཐོ་འབྲིང་ལ་སླེབས་པའི་ཐོག་མའི་སྐབས་སུ། ཀྲོའུ་ནན་གྱིས་འགྱིག་བཟོས་བསིལ་ལྷམ་རྙིང་པ་ཞིག་གྱོན་པ་དང་། འགྱིག་ལྷམ་རལ་སྐབས་མེར་བསྲེག་པའི་ལྕགས་ལྷེབ་ཀྱིས་ལྷམ་འགྱིག་ལ་སྦྱར་ཁ་བཏང་ནས་མུ་མཐུད་གྱོན། ཁོང་གི་རྔུལ་ལེན་སྟོད་གོས་ལ་ཡང་ཨི་ཁུང་ཆུང་ཆུང་མང་པོ་ཡོད། དེ་ནི་ཁོང་གི་ཁྱིམ་ཚང་དབུལ་བས་མིན་ཏེ། ཁོང་གིས་དེར་དང་དོད་མི་གནང་བས་ཡིན། 

 
ཀྲོའུ་ནན་བོད་དུ་བཞུགས་པ།

༼གསུམ།༽

        ཞེ་ཧོ་ནས་འབུམ་རམས་པའི་སློབ་གནས་ཐོབ་པའི་ཁོང་ལ་ཆ་མཚོན་ན་སློབ་མཐར་ཕྱིན་རྗེས་ཞེ་ཧོ་སྨན་ཁང་(ཀྲུང་གོའི་སྨན་ཁང་སྐད་གྲགས་ཆེ་ཤོས་ཀྱི་གྲས་ཤིག)དུ་ལས་ཀར་ཞུགས་ཆོག་པ་དང་། གྲོང་ཁྱེར་ཆེན་མོར་སྡོད་ཆོག་ཆོག་ཡིན། འོན་ཀྱང་ཁོང་ནས་ཅིའི་ཕྱིར་བོད་ལྗོངས་བདམས་པ་ཡིན་ནམ།  ཀྲོའུ་ནན་གྱིས་དེའི་སྐོར་རྒན་ལགས་ལ་བརྗོད་མྱོང་ཡོད།

        སྤྱི་ལོ2007ལོའི་དབྱར་གསེང་ལ་ཁོང་བོད་དུ་ཡུལ་སྐོར་ལ་ཐེངས་དང་པོ་བསྐྱོད་པ་དང་། དེའི་སྐབས་ཁོང་གིས་གློ་ཚད་ཕོག་ནས་སྲོག་ཉེན་འཕྲད་པའི་བགྲེས་སོང་ཞིག་བསྐྱབས། བགྲེས་སོང་དེས་ཁོང་ལ། བོད་ལྗོངས་ཀྱི་སྨན་བཅོས་ཆ་རྐྱེན་ནང་ས་ལས་ཞན་པས་ཁྱེད་རང་བོད་ལ་ཕེབས་ན་འགྲིག་གམ་ཞེས་བརྗོད་ཅིང་། སྐད་ཆ་དེ་ཀྲོའུ་ནན་གྱི་སེམས་ནང་ཉར།

        ཁོང་གིས། པེ་ཅིང་དུ་སྨན་ཁང་མང་པོ་འདི་འདྲ་དང་། སྨན་པ་མང་པོ་འདི་འདྲ་ཡོད་པས། ང་རང་པེ་ཅིང་དུ་བསྡད་མ་བསྡད་ལ་ཁྱད་པར་མེད། ཡིན་ནའང་ང་རང་བོད་དུ་ཕྱིན་ན་ནུས་པ་དེ་བས་ཆེ་བ་འདོན་ཐུབ། ཚེ་སྲོག་མང་པོ་ང་རང་གིས་སྐྱོབ་ཐུབ་པ་ཡང་ཡོང་སྲིད་ཅེས་གསུངས།

        སློབ་མཐར་ཕྱིན་རྗེས་ཀྲོའུ་ནན་གྱིས་པེ་ཅིང་ཞེ་ཧོ་སྨན་ཁང་གི་དབུགས་ལམ་ཚན་ཁག་དུ་སྨན་པ་བྱེད་པའི་གོ་སྐབས་དོར་ནས། བོད་ལྗོངས་སུ་ཕེབས་པ་དང་། དེ་ནས་ལོ་བཅུ་བོད་དུ་ཕྱག་ལས་གནང་།

        བོད་ལྗོངས་སུ་སླེབས་རྗེས། ཀྲོའུ་ནན་ལ་དྲན་ཤེས་ཞན་དུ་ཕྱིན་པ་དང་། དབུགས་བསགས་པ། གཉིད་ཡག་པོ་མི་ཁུག་པ་སོགས་ཀྱི་ས་མཐོའི་ཁོར་ཡུག་མ་འཕྲོད་པའི་ནད་རྟགས་ཐོན་པ་དང་། ད་དུང་ལས་ཀའི་ཐད་ཀྱི་དཀའ་ངལ་མང་པོ་འཕྲད།

        དེའི་ཐད་ཁོང་གིས་ཡིག་ཆ་མང་པོ་གཟིགས་པ་དང་། ནང་སའི་དགེ་རྒན་དང་འབྲེལ་གཏུག་བྱེད་པ། རང་ངོས་ནས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་ཐོག་ནས་རང་ཉིད་ཀྱི་ནད་བརྟག་ནད་བཅོས་ནུས་པ་མཐོ་རུ་བཏང་།

        བོད་ལྗོངས་སུ་གྲུམ་ནད་ཕོག་པའི་ནད་པ་མང་ཡང་། གྲུམ་ནད་འགོག་བཅོས་ཆེད་ལས་ཚན་ཁག་དཀོན་པའི་གནད་དོན་ལ་གཞིགས་ནས། ཀྲོའུ་ནན་གྱིས་མ་དངུལ་མི་འདང་བ་དང་། སྒྲིག་ཆས་ཉུང་བ། ལས་མི་ཉུང་བ་སོགས་ཀྱི་དཀའ་ངལ་མང་པོ་ཁྱད་དུ་བསད་ནས།  2011ལོ་ནས2015ལོའི་བར་བོད་ལྗོངས་མི་དམངས་སྨན་ཁང་གི་གྲུམ་བུའི་ནད་འགོག་ཁྲག་རྒྱུན་མ་ལག་ཁོང་ནད་ཚན་ཁག་བཙུགས་པ་དང་། ལོ་ན30ཡང་མ་སོན་པའི་ཀྲོའུ་ནན་གྱིས་ཚན་པ་དེའི་ཀྲུའུ་རེན་གཞོན་པའི་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། ན་གཞོན་སྨན་པ་ཁག་གཅིག་གི་སྣེ་ཁྲིད་ནས་བོད་ལྗོངས་ཀྱི་གྲུམ་ནད་ཁྱབ་ཁོངས་ཀྱི་བདེ་ཐང་སྲུང་སྐྱོབ་པའི་འཕྲིན་ལས་བསྐྱངས། 

 
ཀྲོའུ་ནན་དང་ལས་རོགས་ཀྱི་མཉམ་པར།

 

        སྤྱི་ལོ2018ལོའི་བར། ཀྲོའུ་ནན་དང་ཁོང་གི་ལས་རོགས་ནས་ནད་པ་མི་ཐེངས་ཁྲི6ལྷག་ལ་སྣེ་ལེན་ཞུས་པ་དང་།  ཁོང་གིས་ནད་གཞི་ལྕི་བའི་ནད་པ་མང་པོ་འཆི་བདག་གི་ཁ་ནང་ནས་བསྐྱབས་པ་དང་། ལོ་རེར་ནད་ཁང་དུ་བསྡད་པའི་ནད་པ་སྟོང་ཕྲག་གཅིག་ལྷག་ཙམ་དང་། སྒོ་བསྟེན་ཁང་དུ་སླེབས་པའི་ནད་པ་སྟོང་ཕྲག་འགར་ནད་བརྟག་སྨན་བཅོས་ཞུས་ཤིང་། བོད་ལྗོངས་ཀྱི་གྲུམ་བུའི་ནད་འགོག་ཁྲག་རྒྱུན་མ་ལག་སྨན་བཅོས་ཀྱི་སྟོང་ཆ་བསྐངས།

        ཀྲོའུ་ནན་གྱིས། གལ་སྲིད་ང་ནམ་ཞིག་བོད་ནས་ཁ་བྲལ་ཚེ། ཚན་ཁག་འདིའི་ནང་མུ་མཐུད་སྨན་པ་དགོས་པས། ཚན་ཁག་འཛུགས་སྐྱོང་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་ཤེས་ལྡན་མི་སྣ་དང་སྨན་པའི་དཔུང་ཁག་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་མཁྱེན་པས། ཀྲོའུ་ནན་གྱིས་སྨན་ཁང་ནང་གི་ལས་ཀ་ཕུད། ཞོར་དུ་ད་དུང་བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་དུ་ཁོག་ནད་གསོ་རིག་གི་དགེ་རྒན་གནང་།

        སྤྱི་ལོ2014ལོར་ཚན་ཁག་དེ་བཙུགས་རྗེས། ཀྲོའུ་ནན་ནས་བོད་ལྗོངས་སློབ་གྲྭ་ཆེན་མོའི་གསོ་རིག་སློབ་གླིང་དུ་སློབ་ཚན་འཁྲིད་པའི་འགོ་བཙུགས། ཁོང་གི་སློབ་མའི་ཁྲོད་ནས་བཅུ་ཆ་དྲུག་བདུན་ནི་བོད་ཁུལ་ནས་ཡིན་པ་དང་། སློབ་མའི་ཁྲོད་ཐག་རིང་ས་ཁུལ་ནས་ཡོང་བ་ཡོད་པས། དེ་དག་གི་རྒྱ་ཡིག་རྒྱ་སྐད་དང་། ཆེད་ལས་རྨང་གཞི་ཅུང་ཞན་པས། ཀྲོའུ་ནན་གྱིས་ཁོང་ཚོར་ངང་རྒྱུད་རིང་པོས་སློབ་ཁྲིད་གནང་།

        སྤྱི་ལོ2016ལོར། བོད་ལྗོངས་མི་དམངས་སྨན་ཁང་ནས་སྨན་ཁང་དེ་རྒྱལ་ཡོངས་ཀྱི་ཁང་སྡོད་སྨན་པའི་ཚད་ལྡན་ཅན་གསོ་སྦྱོང་རྟེན་གཞིའི་ངོས་ནས། རྒྱལ་ཡོངས་ཀྱི་སློབ་ཁྲིད་ཁང་བཤེར་གྱི་ཞིབ་བཤེར་དང་ལེན་ཞུས། ཀྲུང་གོའི་སྨན་པའི་མཐུན་ཚོགས་ཀྱི་ཞིབ་བཤེར་བས་ཧང་སངས་བའི་ཉམས་དང་བཅས། བོད་ལྗོངས་ནས་ཚད་ལྡན་ཅན་འདི་ལྟ་བུའི་སློབ་ཁྲིད་ཁང་བཤེར་མཐོང་བ་བསམ་ཡུལ་ལས་འདས་སོང་ཞེས་གསུངས། 

 

དྲ་གྲོགས་ཀྱི་ཕངས་སེམས། 

        ཀྲོའུ་ནན་སྐུ་གཤེགས་པའི་གནས་ཚུལ་ཐོས་རྗེས། དྲ་གྲོགས་མང་པོ་སེམས་སྡུག་ཆེན་པོ་བྱུང་བ་དང་། མཛེས་སྡུག་ལྡན་པའི་གོས་དཀར་ལྷ་མོ་ཁོང་གིས་མི་ཡུལ་ལ་མཛེས་སྡུག་བསྣམས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་འཇིག་རྟེན་ཕྱི་མར་གཤེགས་པས་ཕངས་སོང་ཞེས་བཤད།

        བོད་ལྗོངས་ནི་མཛེས་ལྡན་ཞིང་ཁམས་ཤིག་ཡིན་པས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། མི་མང་པོ་བོད་དུ་ཡུལ་སྐོར་དུ་ཕེབས་དང་། ཡང་ལམ་སེང་ལོག་འགྲོ་ཡི་ཡོད། ཡིན་ནའང་སྐུ་གཟུགས་རིད་ཀྱང་སྙིང་སྟོབས་ཀྱིས་ཕྱུག་པའི་བུ་མོ་ཞིག་གིས་རང་ཉིད་ཀྱི་ལང་ཚོ་གནས་འདིར་སྐྱེས་སུ་ཕུལ་ཡོད།

        ཉམས་ཆུང་བའི་མུ་ཟིའི་མེ་ལྕེ་ལམ་སེང་ཡལ་བར་འགྱུར་ཡང་། དེས་བསྐྱེད་པ་ནི་འོད་དང་དྲོད་ཡིན་པས། མི་རྣམས་ཀྱི་སེམས་ནང་ཡུན་དུ་གནས་སྲིད། ཆེས་མཛེས་པའི་གོས་དཀར་ལྷ་མོ། བདེ་བར་གཤེགས།

 

 

 

 

 

 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

ཞུ་དག མིག་དམར་རྒྱ་མཚོ། 

ཡིག་སྒྱུར། མིག་དམར་རྒྱལ་པོ།