བོད་ལྗོངས་ཀྱི་ཆེད་དོན་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ་༢༠༡༩ལོའི་ཟླ་༩པའི་ཚེས་༡༢ཉིན་གྱི་སྔ་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་པེ་ཅིང་དུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་སྐོང་འཚོགས་བྱས་ནས། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷ་གདན་ཞུ་གནང་ནས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཅེས་པར་གཞིགས་ནས་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་ཡོད།

ཝུའུ་དབྱིང་ཅེས། བོད་ལྗོངས་ནི་དམིགས་བསལ་གྱི་མཐའ་མཚམས་སུ་གནས་པའི་མི་རིགས་ས་ཁུལ་ཞིག་ཡིན་ཞིང་། འཛམ་གླིང་ཡང་རྩེ་ཞེས་འབོད་ཀྱི་ཡོད། དེ་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་སྲུང་ར་གལ་ཆེན་དང་། འཐབ་ཇུས་ཐོན་ཁུངས་གསོག་འཇོག་དང་ས་མཐོའི་དམིགས་བསལ་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་རྟེན་གཞི་གལ་ཆེན། ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་བྱ་ཡུལ་གལ་ཆེན། འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་དང་ཨ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་གལ་ཆེའི་བགྲོད་ལམ་སོགས་ཡིན། ཏང་ཀྲུང་དབྱང་གིས་སྔ་བར་ཕྱི་གསུམ་དུ་བོད་ལྗོངས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཀྲུང་གསར་པ་དབུ་བརྙེས་རྗེས། རང་རེའི་ཏང་གིས་བོད་ལྗོངས་ཀྱི་ཇུས་འགོད་ཆེད་གལ་ཆེའི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ཏང་ཀྲུང་དབྱང་གིས་སྔ་ཕྱིར་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་༦སྐོང་འཚོགས་གནང་ནས་ཚོགས་འདུ་ཚོགས་རིམ་བཞིན་གལ་ཆེའི་བྱ་ཐབས་རབ་དང་རིམ་པ་བཏོན་པས། བོད་ལྗོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་། བོད་ལྗོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་ཐེབས་ཡོད་ཅེས་གསུངས་ཡོད།


བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་གཏམ་བཤད་གནང་བཞིན་པ།

ཝུའུ་དབྱིང་ཅེས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། ཏང་གི་དབུ་ཁྲིད་འོག བོད་ལྗོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བས་རྒྱ་ཆེའི་ཡར་ལངས་ཞིང་བྲན་ཚོའི་ངོས་ནས་བརྗོད་ན་གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་སྐྱིད་དུ་གྱུར་ཡོད། དེ་ཡང་མདོར་གླེང་ཞུས་ན། ང་ཚོའི་ཏང་གིས་བོད་ལྗོངས་སུ་གཙོ་བོ་བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་བསྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ། བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ། ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱས་པ་བཅས་དོན་ཆེན་༥བསྒྲུབས་ཡོད་ཅེས་གསུངས་ཡོད།

ཆེ་དགྲ་ལྷས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་དང་ལྷག་དོན་དུ་སྤྱི་ལོ་༡༩༥༩ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། ཏང་ཀྲུང་དབྱང་ནས་བོད་ཀྱི་ལས་དོན་ཁག་ལ་མཐོང་ཆེན་པོ་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་མཛད་དེ་སྔ་རྟིང་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་༦སྐོང་འཚོགས་གནང་ཞིང་སྲིད་ཇུས་དང་མ་དངུལ། རྣམ་གྲངས་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་མཛད་ཡོད། ཀྲུང་གོའི་གུང་ཁྲན་ཏང་གི་ཤུགས་ཆེའི་དབུ་ཁྲིད་འོག་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གྱི་སྒྲིག་གཞིའི་འོག་དང་། མི་རིགས་ས་ཁོངས་རང་སྐྱོང་སྲིད་ཇུས་ཀྱི་འོད་སྣང་འོག དེ་མིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འོག་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་ལ་མཆོངས་བརྒལ་ལྟ་བུའི་གོང་འཕེལ་བྱུང་ཡོད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷས་གསུང་བཤད་གནང་བཞིན་པ།

ལྷག་དོན་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་མཛད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་རྣམ་བཤད་ལག་བསྟར་དོན་འཁྱོལ་བྱས་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ། འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱ་ཐབས་ལ་བརྩིས་ཐོག་ཐོན་ལས་ཆེན་པོ་བདུན་གོང་འཕེལ་ཤུགས་ཆེན་བཏང་ཡོད། བོད་ཀྱིས་སྤུས་ཚད་མཐོ་བའི་གོང་འཕེལ་ཐད་གོམ་སྟབས་གསར་པ་སྤོས་ནས་གོང་འཕེལ་ཆེན་པོ་དང་ཡུན་རིང་བདེ་འཁོད་ཀྱི་རྣམ་པ་གསར་པ་བཏོད་ཡོད། དེ་ཡང་། ཞིབ་ཕྲ་གླེང་ན། དང་པོ། དཔལ་འབྱོར་གོང་འཕེལ་གཏོང་བའི་ཐད་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་བ། གཉིས་པ། དེང་རབས་ཐོན་ལས་མ་ལག་ཐད་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་བ། གསུམ་པ། འགྲིམ་འགྲུལ་སྐྱེལ་འདྲེན་ལ་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་བ། བཞི་པ། རིག་གནས་སློབ་གསོའི་ཐད་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་བ། ལྔ་པ། སྨན་བཅོས་འཕྲོད་བསྟེན་ཆ་རྐྱེན་ཐད་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་བ། དྲུག་པ། ཡུལ་སྐོར་ཐོན་ལས་ལ་ལོ་རྒྱུས་རང་བཞིན་གྱི་མཆོངས་བརྒལ་བྱུང་བ་སོགས་རེད་ཅེས་གསུངས་འདུག

ཚོགས་རའི་རྣམ་པ།

ཁོང་རྣམ་གཉིས་ཀྱིས་ད་དུང་དབུལ་སྒྲོལ་འགག་གཏོར་གྱི་འཕེལ་རིམ་དང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོབ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། ཞིང་འབྲོག་བུ་ཕྲུག་གི་སློབ་གསོའི་གནས་ཚུལ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པར་བྱ་ཐབས་གང་འདྲ་བཟུང་མིན་བཅས་ཀྱི་ཐད་གསར་འགོད་པས་བཏོན་པའི་དྲི་བར་ཞིབ་ཅིང་ཕྲ་བའི་གྲངས་གཞི་དང་གསོན་ཉམས་ལྡན་པའི་དཔེ་མཚོན་བཞག་ནས་ལན་བསྐྱོན་གནང་ཡོད།

བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཁྱབ་བསྒྲགས་ཚོགས་འདུར་ཞུགས་ཡོད།

གསར་འགྱུར་ཚོགས་འདུ་སྐོང་འཚོག་མ་བྱས་གོང་། ཝུའུ་དབྱིང་ཅེ་དང་། ཆེ་དགྲ་ལྷ། སྤེན་པ་བཀྲ་ཤིས་སོགས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་བྱ་ཡུལ་ཚོམས་ཆེན་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་རིང་དང་། ལྷག་པར་དུ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠སོང་རིང་ཐོབ་པའི་གོང་འཕེལ་གྱི་གྲུབ་འབྲས་དང་། མངོན་མིན་རིག་གནས་ཤུལ་བཞག ཁྱད་ལྡན་ཐོན་རྫས་སོགས་ཀྱི་འགྲེམས་སྟོན་ལ་གཟིགས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ལྟ་སྐུལ། ཚེ་དགའ།
ཞུ་དག མིག་དམར་རྒྱ་མཚོ།
གསར་འགོད་པ། སྐྱིད་པོ། རིན་ཆེན་དབང་འདུས།